ཆུ་སྒང་ལ་སྤྱི་ཚོཌ་བསམ་སྤྱོད་ཀྱི་མོས་མཐུན་འཚོལ་བ།
ཐེངས་ 8602 བཀླགས་འདུག
ཆུ་བཞི་སྒང་དྲུག་གི་སྒྲིག་འཛུགས་འདི་ཉིད་གཞི་རྩའི་ཆ་ནས་དང་བླངས་དམག་གི་རྩ་འཛུགས་དང་དེ་ཡང་བོད་བསྟན་སྲིད་ཀྱི་ཆེད་དུ་བསླངས་པའི་ལོ་རྒྱུས་ཀྱི་དར་ཆ་དང་དྲན་ཐོ་མི་དམན་པ་ཞིག་ཡིན་ལ། སྔ་བར་ཕྱི་གསུམ་དུ་གསོད་རྡུང་རྒོལ་གསུམ་དང་སྲུང་སྤེལ་ཁ་ཐོར་བཅས་ཀྱི་འཐབ་ར་གྲགས་ཅན་ཞིག་ཏུ་བརྒྱུད་མྱོང་ཞིང་། འདི་ཡིན་འདི་མིན་གྱི་ཡང་དག་པའི་སྡོམས་ཚིག་ཅིག་རྙེད་དཀའ་བ་དང་ཧོལ་རྒྱུགས་གཡང་འཆོང་གི་མཐའ་སྡོམ་ལ་སྨྱུག་འཛིན་པས་ཁ་བརྡུང་གཏོང་ངེས་ཡིན་པ་རེད། འོན་ཀྱང་འདིས་རྩ་དོན་གཏན་འཁེལ་དང་ཕྱི་དངོས་འཛུགས་བསྐྲུན་ཐད་མི་མང་གིས་བརྩི་བཀུར་དང་རེ་ཐག་གཏན་པོ་བཟུང་ཡོད། སྐབས་སྐབས་སུ་རང་འདུག་རང་བཞིན་དང་འདུ་ཤེས་ཉམས་པའི་ཁོར་ཡུག་ནང་ལྷུང་སྟེ། དར་ཆའི་ཡུ་བ་རང་ཉིད་ཀྱིས་བཟུང་མི་ཐུབ་པ་དང་འཕྱར་མི་ནུས་པས་མི་རྣམས་ཡིད་མུག་པའང་བྱུང་ཡོད་པ་རེད།
ངེད་ཅག་ན་གཞོན་མི་ཉུང་བའི་སེམས་ནང་སྔར་གྱི་ཆུ་སྒང་དཔེ་དབྱིབས་ཉར་མི་འདོད་པར་མིག་སྔར་ཡོད་པའི་དགེ་སྐྱོན་ལ་གཞི་བཅོལ་ཏེ། ལས་ལག་ཚང་བའི་འཛིན་སྐྱོང་དང་མ་འོངས་པའི་བྱེད་ཐབས་བཟུང་རྒྱུར་འབད་འབུང་བྱ་འདོད་ཆེ་ཞིང་། འོས་ཤིང་འཚམས་པའི་དབང་ལྡན་མི་སྣ་དང་འཛིན་སྐྱོང་ལ་བབ་བསྟུན་བསྒྱུར་བཅོས་བྱ་དགོས། མི་མང་གི་མངོན་འདོན་འཕྱར་ནས་ཆབ་སྲིད་དང་དཔལ་འབྱོར། དོན་དངོས་ཀྱི་ཆ་རྐྱེན་རྣམས་ད་ཡོད་ད་ཐོག་ཏུ་དམིགས་དཔེར་འོས་པ་དང་དེང་རབས་སྤྱི་ཚོགས་ཀྱི་མདུན་གྲལ་དུ་སླེབས་ཐུབ་པར་བྱེད་རྒྱུའི་བསམ་པ་ལྡན་ཡོད། འུར་སྒྲོག་དང་ཧམ་བཤད་ཙམ་མིན་པར་དུས་རབས་དང་ལམ་ལུགས། མི་རབས་དང་བསམ་བློ་གསར་རྙིང་བར་གྱི་གནད་དོན་བརྡར་ཤ་བཅད་དེ། དང་བླངས་རྩ་འཛུགས་འདི་ཉིད་འདོད་རྔམ་ཆེན་པོའི་ཐོག་ནས། ཆོག་ཤེས་རང་བཞིན་དང་རྙིང་བདག་རང་བཞིན། རང་འདོད་གཙོར་བཟུང་དང་མི་གཅིག་དབང་འཛིན། སྒེར་འཁོན་རྒྱུན་འཛིན་དང་སྒེར་གཉེར་རྩ་འཛུགས་མགོ་རྟིང་སློགས་ནས། བོད་མི་རིགས་འདིའི་ཆབ་དཔལ་རིག་གསུམ་གྱི་དཔལ་ཡོན་རྣམ་པར་རྒྱས་པའི་མཐུན་རྐྱེན་ཚན་པ་ཞིག་ཏུ་བསྒྱུར་ཐུབ་ན་སྙམ་པ་དང་། གལ་སྲིད་རང་མགོ་ཆུ་འདྲེན་བྱས་ནས་གབ་རེས་འུར་རེས་ཀྱིས་ཨུ་ཚུགས་མཐའ་སྐྱེལ། དཀར་ནག་ཕྱིན་ཅི་སློག་རྒྱུའི་རེ་ངན་བཅངས་སྟེ་སུན་འབྱིན་དགག་རྒྱག་ནན་པོ་བྱེད་ན། ང་ཚོས་དོན་དངོས་ཀྱི་བསམ་པ་དོར་འདོད་གཏན་ནས་མེད་རུང་བལྟ་ཤེས་བསྟུན་ཤེས་བྱས་ནས་གནས་སྐབས་དགོངས་པ་དྭངས་བ་བྱ་རྒྱུ་ལས། གཏོར་གཤིག་དང་ངན་པ་ལག་སྦྲེལ་གྱི་སྒོ་མོ་ནམ་ཡང་ཕྱེ་རྒྱུ་མིན་པའི་ཆོད་སེམས་གཏན་པོ་ཡོད།
ཁོང་ཚོས་ཁྱིམ་ཚང་རིང་ལུགས་སླར་གསོ་དང་རྒྱུན་སྐྱོང་བྱ་རྒྱུའི་སྟོང་བསམ་འཆང་ཡང་རྩ་འཛུགས་དེའི་རྩ་བ་བརྟན་པོ་དང་རྩེ་མོ་ནམ་ཡང་རྒྱས་ཐུབ་ཀྱི་མེད་པའི་གདེང་ཚོད་མི་ཚང་མར་ཡོད་པ་ཞིག་རེད། བོད་ཀྱི་སྒྲིག་འཛུགས་འདིའི་མང་གཙོའི་ཆུ་ཚད་ཇི་ཙམ་སླེབས་ཡོད་མེད་ད་ལོའི་མང་མོས་འོས་བསྡུའི་ལས་འགུལ་འདིས་གསལ་པོར་མཚོན་ཡོད་ལ། ཆུ་སྒང་སྔོན་འགྲོའི་འོས་བསྡུ་ལ་མི་མང་གི་འདོད་བློ་མ་ཁེངས་པ་དང་། ད་ཐེངས་ཀྱི་ཆུ་སྒང་དངོས་གཞི་འོས་བསྡུ་འདིས་རྒྱལ་ཁ་སུ་ལ་སྤྲོད་མིན་ཇི་ལྟར་ཡང་འགྲོ་ལུགས་མཚན་ཉིད་ཚང་བ་ཞིག་མ་བྱུང་ན། དེས་བསགས་པའི་ནག་ཉེས་དེས་བོད་ཀྱི་བྱུང་རབས་དང་ཆུ་སྒང་ལོ་རྒྱུས་ནང་ཆེས་བསུབ་པར་དཀའ་བའི་ནག་ཐིག་ཅིག་སྐྲུན་ངེས་པས། དེའི་ལས་འགན་དེ་ད་ཡོད་ཆུ་སྒང་སྒྲིག་འཛུགས་དང་མདོ་སྟོད་སེར་སྐྱ་ཚང་མར་འཁྲི་ཡོད་པ་རེད། འོས་གཞི་དོ་བདག་སོ་སོར་མི་ལྟ་བར་དེའི་ལས་དོན་ལ་ལྟ་དགོས་པ་དེ་དོན་དངོས་ཀྱི་རྨང་གཞི་མ་དོར་བའི་ལྟ་ཚུལ་ཡིན་ཡང་། སྤྱི་ཚོགས་འདི་གཞི་རྩའི་ཆ་ནས་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་དང་སྲིད་དོན་གྱི་སྨྱུ་གུ་བུད་མེད་པའི་དབང་གིས་མི་སྣ་རྟོག་ཞིབ་ཀྱི་ཚད་གཞི་ཧ་ལམ་མེད་པ་ལྟ་བུ་གྱུར་ཡོད་པ་རེད་ཅེས་ཧམ་བཤད་བྱེད་ཆོག་གི་རེད།
ངས་ལྟས་ན་མི་མང་གི་ལས་འགན་ངོ་མ་ནི། ཁོང་ཚོས་བདམས་པའི་ཆུ་རྒྱུན་འོས་གཞིའི་མི་སྣ་ཉི་ཤུ་རྩ་གཉིས་ཁྲོད་ནས་ཕེབས་བསུ་ཞུས་དགོས་པའི་གཞོན་སྐྱེས་དང་སྐྱེལ་མ་བྱེད་དགོས་པའི་ན་སོ་རྒན་པ་གཉིས་ཀྱི་དབྱེ་མཚམས་ཐག་ཆོད་དགོས་པ་དེ་རེད། དེ་འདྲ་ཞིག་བྱུང་ན་འདི་ནས་རྩིས་པའི་མི་རབས་ལྔ་བཅུའི་རྗེས་ནས་སྤྱི་ཚོགས་འདི་སོ་སོའི་རྐང་པའི་ཐོག་ལངས་ཐུབ་པའི་རེ་བ་བཅང་ཆོག མ་བྱུང་ན་ད་ལྟའི་རྐྱེན་ངན་གོ་ཆག་འདིར་མུ་མཐུད་ནས་ལྷག་རྒྱུ་ངེས་གཏན་ཡིན་པ་དང་དེའི་དབང་གིས་བོད་མི་རིགས་འདིའི་བརྟན་གནས་དར་གསུམ་ལ་གྱོང་གུད་ཚབས་ཆེན་ཕོག་རྒྱུ་ཡིན་པ་རེད། དེས་ན་ཤ་ཚའི་ཁ་ལ་གཏམ་སྙན་ཡོད་པའི་ལོ་རྒྱུས་མཐོང་དཀའ་བར་དྲན་གསོ་བྱས་པའི་ཐོག མདོ་སྟོད་རྒྱ་ཆེ་མི་མང་ལ་འགྱུར་ལྡོག་གསར་པའི་ཕྱོགས་སུ་གོམ་ཁ་སྒྱུར་རྒྱུའི་སྐུལ་འདེད་དང་རེ་སྨོན་བྱ་རྒྱུ་ཡིན།
Leave a Reply