བོད་རང་བཙན་གཞེན་སྐུལ་འཆི་མེད་ལྷའི་བདུད་རྩི།
ཐེངས་ 8728 བཀླགས་འདུག
༄༅།། ཆེས་མཆོག་ཏུ་བཀུར་བར་འོས་པ་བོད་རང་བཙན་འཐབ་རྩོད་ཀྱི་སྒྲིག་འཛུགས་དང་
མི་སྒེར་སུ་རུང་གི་དྲུང་དུ།
འདི་ག་གནམ་འོག་གི་གསར་འགྱུར་ཚན་པས་ཁྱེད་ཅག་གི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་བོད་རང་བཙན་ཏེ་བོད་ཀྱི་བདེན་དོན་འཐབ་རྩོ
ད་ལ་ཡི་དངས་བསྔགས་བརྗོད་ཞུ་ཞིང་། གནམ་འོག་གི་གསར་འགྱུར་ཚན་པའི་དཔྱད་བརྗོད་བརྙན་འཕྲིན་ཐོན་རིམ་ཨང་ ༡༦༦ དང་། འདི་གའི་དྲ་ཚིགས་ { བོད་ཀྱི་མང་གཙོ་ } ཞེས་པའི་རྒྱུད་ལམ་དུ། གཤམ་འཁོད་བོད་རང་བཙན་གཞེན་སྐུལ་གྱི་ཡིག་ཆ་ << གཞེན་སྐུལ་འཆི་མེད་ལྷའི་བདུད་རྩི་ >> ཞེས་པ།
བོད་ཀྱི་རྒྱལ་རབས་རྩོམ་པ་པོ་ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་མཆོག་དང་། གཙུག་ལག་སློབ་དཔོན་ཆེན་མོ་ཡོན་ཏན་རྒྱ་མཚོ་ཐུན་མོང་ནས་ཕྱག་བྲིས་གནང་སྟེ། ཕྱི་ལོ་ ༡༩༨༨/༡༢/༢༢ ཉིན་སྤེལ་གནང་པ། རླབས་ཆེན་གྱི་ལམ་སྟོན་དེ་ཁ་དོན་མཚུངས་པའི་ལག་བསྟར་བྱ་རྒྱུར་དུས་སུ་སྨིན་པ་ལྟར་མཐོང་ནས། འབྲེལ་ཡོད་ལ་ཆོག་མཆན་དང་བཅས། སླར་ཡང་ཁྱབ་སྤེལ་ཞུས་ཡོད་པས། ཐུགས་སྣང་ཆེས་ཆེར་གནང་སྐྱོང་ཡོང་བ་ཞུ།
འོན་ཀྱང་། དེབ་ཆུང་དེར་ཡིག་ནོར་ཡིག་ཆད་སོགས་ཉུང་ཟད་ཡོད་པ་རྣམས་ནོར་བཅོས་དང་ཆད་བཅོས་ཞུ་རྒྱུར་ཆོག་མཆན་ཐོབ་མེད་པས་རང་སོར་བཞག་ཡོད། སྙན་སྒྲོན་པ། ཉག་རོང་བཙན་པོའམ་ཉག་རོང་བློ་དགའ་ནས། དངོས་སུ་སྒྲོག་བྱང་ཞུས་པའི་སྐབས་སུ་སྒོར་རྟགས་ནང་དུ་རྩོམ་པ་པོའི་མཆན་བྲིས་པ་རྣམས་སྦྱོར་ཀློག་ཞུས་མེད་པ་དང་ངག་ཐོག་གི་ངོ་སྤྲོད་དེར་ཆད་ལྷག་ཤོར་ཡོད་ན་དགོངས་སེལ་དང་བཅས།
གནམ་འོག་གི་གསར་འགྱུར་ཚན་པས། ༢༠༢༡/༡༡/༡༥ ཉིན་སྤེལ།། །།
༄༅།། གཞེན་སྐུལ་འཆི་མེད་ལྷའི་བདུད་རྩི།
བོད་ལྗོངས་ཆོལ་ཁ་གསུམ་གྱི་གཞིས་བྱེས་སྤུན་ཟླ་སེར་སྐྱ་ཕོ་མོ་ཡོངས་རྫོགས་ཀྱི་སྙན་ལམ་དུ་ཞུ་རྒྱུར།
བོད་ཡུལ་གངས་ཅན་གྱི་ལྗོངས་རང་དབང་རང་བཙན་གྱི་རྒྱལ་ཁབ་དེ་ཉིད་རྒྱ་དམར་གུང་བྲན་ཏང་ནས་མ་བདག་བདག་བཟུངས་ཀྱིས་དྲག་པོའི་བཙན་འཛུལ་ཐོག མི་བསད་རྒྱུ་འཕྲོག དགོན་ཡུལ་གཏོར་འཇིག་སོགས་བསམ་ཡུལ་ལས་འདས་པའི་བཙན་ཤེད་ཚོད་མེད་བྱས་པར་བརྟེན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོས་ཡངས་པའི་རྒྱལ་ཁམས་མང་པོར་ཞབས་ཀྱིས་བཅགས་ཏེ་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྩོད་གླེང་གནང་བ་དང་ཆབས་ཅིག བོད་ལྗོངས་རང་དབང་རང་བཙན་སྔ་སོར་འཆུད་ཐབས་བདེན་པའི་ལམ་ནས་ནུས་ཤུགས་ལྡན་པའི་རྩོད་གླེང་སྔ་ཕྱིར་རིམ་པར་བཀྲིན་ཆེ་བ་ལ་བརྟེན་ནས་འགོག་ཏུ་མེད་པའི་བདེན་མཐའ་ངེས་གསལ་དང་། གནས་སྟངས་ཇེ་མཐོར་འགྲོ་བཞིན་པ་མ་ཟད། བོད་ནང་རྒྱ་དམར་གྱི་བཙན་ཤུགས་འོག་གནས་པའི་མི་དམངས་སེར་སྐྱ་རྣམས་ནས་ཀྱང་རང་དབང་རང་བཙན་ལ་སྐོམ་པ་ཆུ་འདོད་ལྟར་སྐད་ཅིག་ཀྱང་སྡོད་ཐབས་མེད་པར་རྒྱ་དམར་གྱི་དྲག་པོའི་མཚོན་ཆའི་མདུན་དུ་གཅེས་པའི་རང་སྲོག་བློས་བཏང་ནས་བདེན་པའི་རྩོད་གླེང་སྔ་རྗེས་བྱས་ཏེ་བདེན་པའི་འབྲས་བུ་མངོན་དུ་གྱུར་ཉེའི་མཚམས། རྒྱ་དམར་ནས་བོད་ལྗོངས་ཁྲིམས་མེད་ལུགས་འགལ་དྲག་ཤུགས་ཀྱིས་འཁྱུར་མིད་བཟོས་པ་འཇུ་ཐབས་མེད་པའི་ཟུག་གཟེར་ལངས་པ་དེ་བཞིན་ཁྲིམས་མཐུན་ཞི་ཐབས་ཀྱི་ལམ་སྟོན་མ་བྱས་པར་ད་དུང་ངན་པ་བཏུད་རེངས་ཀྱིས། བར་ལམ་ལྷ་སའི་ནང་ཟིང་ཆའི་དོན་རྐྱེན་བྱུང་བ་དེ་དག་ཏཱ་ལའི་བླ་མ་ཆབ་སྲིད་ཀྱི་བཙན་བྱོལ་བ་ཞིག་ཡིན་པའི་ཐོག་ནས་མེས་རྒྱལ་ཁ་བྲལ་གྱི་ལས་འགུལ་སྤེལ་བའི་འབྲས་བུ་ཞིག་རེད། དེར་བརྟེན་ད་རེས་ཀྱི་དོན་རྐྱེན་དེའི་འགན་ཡོངས་རྫོགས་ཏཱ་ལའི་བླ་མའི་རུ་ཚོགས་པ་དང་། ཁ་བྲལ་རིང་ལུགས་པ་ཉུང་ཟད་ཤིག་ཡིན་ཚུལ་དང་། གོ་རིམ་རྗེས་མ་དེ་ག་འདྲ་སྤོ་དགོས་མིན་ཡོངས་སུ་ཏཱ་ལའི་རུ་ཚོགས་པར་རག་ལུས་ཡོད། གལ་སྲིད་ཏཱ་ལའི་བླ་མས་མུ་མཐུད་ནས་མེས་རྒྱལ་ཁ་བྲལ་གྱི་ལས་འགུལ་སྤེལ་ན། ང་ཚོས་སྔར་བའི་ཛ་དྲག་ལྡན་པའི་བྱ་ཐགས་ཤིག་ལག་བསྟར་མི་བྱེད་དཀའ་མེད་ཡོང་རྒྱུ་སོགས་བོད་ལྗོངས་དོན་གྱི་བདག་པོར་ཏཱ་ལའི་བླ་མའི་རུ་ཚོགས་ཞེས་ཚིགས་མཚོན་བཏབ་པས་མ་ཚད། བོད་ལྗོངས་བོད་པས་བདག་དབང་སྤྱོད་རྒྱུར་མེས་རྒྱལ་ཁ་བྲལ་གྱི་ལས་འགུལ་ཞེས་རྒྱ་ནག་བོད་ཀྱི་མེས་པོའི་རྒྱལ་ཁབ་ཡིན་པ་སུས་ཁས་ལེན་བྱས་ཡོད་པ་རེད། ཁྲིམས་མེད་ལུགས་འགལ་གྱི་མིང་གསར་བཏགས་ཏེ་དྲག་ཤུགས་དཔུང་ངོམས་ཀྱི་བསྡིག་ར་དང་། ཕྱོགས་གཅིག་ནས། རང་མི་རྒྱལ་ཚོང་པ་རེ་ཟུང་ནས་རང་བཙན་ཡོང་ཐབས་མེད་ཚུལ་བྱུང་རྒྱལ་དུ་བཤད་དེ་བོད་མི་དམངས་སེམས་ཤུགས་གཅོག་ཐབས་དང་། ཕྱི་ལག་ནང་འབྲེལ། རྒྱལ་འབངས་དབར་ཕུངས་སྦྱོར་ཀྱི་དཀྲུག་ཤིང་རྣམ་མང་བྱས་པར་བརྟེན། བྱམས་དང་སྙིང་རྗེའི་རང་བཟུགས་འཕགས་མཆོག་འཇིག་རྟེན་མགོན་པོས་གཞིས་ལུས་བོད་མི་རྣམས་ལ་རྒྱ་དམར་གྱིས་གདུག་རྩུབ་མི་གསོད་ཁྲག་སྦྱོར་དང་། གྲངས་མེད་བཙོན་འཇུག རྒྱ་རིགས་མང་པོ་བོད་ནང་གནས་སྤོས་བྱས་དང་བྱེད་བཞིན་པར་བརྟེན་འཕྲལ་སྒང་གཞིས་ལུས་བོད་མིར་ཕན་ཐབས་སུ་ཐུགས་རེ་ཆེན་པོས། སྤྱི་ལོ་ ༡༩༨༨ ཟླ་ ༦ ཚེས་ ༡༥ ཉིན་ཧྥ་རན་སེའི། སེ་ཀྲ་སེ་འབག་ལ། ཡོ་རོབ་པཱལེ་མན་གྱི་ཚོགས་འཐུས་ཐོག ༧གོང་ས་༧སྐྱབས་མགོན་ཆེན་པོས་དགོས་དབང་གིས་གསུང་བཤད་དེ་ལྟ་བུ་ཞིག་མི་གནང་ཐབས་མེད་བྱུང་བར། དེ་ལ་རྒྱ་དམར་ཕྱོགས་ནས་མོས་མཐུན་བཟང་ལན་མེད་པས། སེ་ཀྲ་སེ་འབག་ལ་གསུང་བཤད་གནང་བ་དེ་གཞི་རྩར་བཟུང་སྟེ་བཀའ་མོལ་ཞུ་ཐབས་མེད་ཚུལ་བཤད་པས་མ་ཚད། ད་དུང་གསུང་བཤད་ཀྱི་སྙིང་དོན་ལག་ཆར་འཁྱེར་ཏེ་རང་དབང་རང་བཙན་གྱི་དོན་ལ་གཅེས་པའི་སྲོག་ཀྱང་བཏང་དང་། གཏོང་བཞིན་པའི་གཞིས་ལུས་བོད་རིགས་སྤུན་ཟླ་རྣམས་ཀྱི་སེམས་ཤུགས་རྦད་དེ་བཅགས་ཏེ་གུས་ལྷོད་དང་། དད་པ་དམ་ཚིག་ལ་འཕོ་འགྱུར་ཡོང་གཞིའི་གཡོ་ཐབས་ཀྱི་དཀྲུག་ཤིང་རྒྱ་ཆེ་མུ་མེད། རི་འགུལ་མཚོ་ཁྱོམས་བྱས་དང་། ད་དུང་བྱེད་རྒྱུ་ཡིན་པ་གསལ་པོར་མཐོང་སྟེ་བློས་མ་བཟོད་པར། ད་ལམ་གཞིས་བྱེས་བོད་རིགས་སྤུན་ཟླ་རྣམས་ལ་དངོས་འབྲེལ་གྱི་ཐུགས་གསོའི་གནས་ཚུལ་ཐུང་ཙམ་ཞུ་རྒྱུར།
ཆོལ་གསུམ་གཞིས་བཞུགས་རྒྱ་ཆེའི་མི་དམངས་རྣམས་ནས། བོད་ལྗོངས་རང་དབང་རང་བཙན་གཙང་མ་ཞིག་མ་བྱུང་བར། ༧རྒྱལ་དབང་དོན་གྱི་བདག་པོ་བོད་ལྗོངས་སུ་ཆིབས་བསྒྱུར་མི་མཛད་པ་ཞེས་གསོལ་འདེབས་ཀྱི་སྙན་ཞུ་སྔ་རྗེས་ཐེངས་མང་པོ་ཕུལ་ཡོད་པས་མ་ཚད། རྒྱ་དམར་གྱི་དྲག་པོའི་མཚོན་ཆའི་མདུན་དུ་བོད་རང་དབང་རང་བཙན་གཙང་མ་དགོས་ཞེས་རང་སྲོག་བློས་བཏང་གིས་དཔའ་བོ་འབུམ་ཕྲག་ཉི་ཤུ་ལྷག་འཆི་གོད་བྱུང་བའི་དོན་རྐྱེན་གཙོ་བོ་ནི་བོད་རང་དབང་རང་བཙན་ལ་ཐུག་པ་བརྗོད་མ་དགོས་པ་དང་། དེ་བཞིན་རྒྱ་གར། བལ་ཡུལ། ཕྱི་རྒྱལ་ཨ་མི་རི་ཀ ཁེ་ན་ཌ། སུད་སི། ཨེང་ལན་ཌི་སོགས་ལ་ཡོད་པའི་རང་རིགས་མཆོག་དམན་ཚང་མས་མགྲིན་དབྱངས་གཅིག་གྱུར་གྱིས། སྔ་ལོ་ཨ་རིའི་གྲོས་ཚོགས་ནང་། བོད་དོན་དོན་ཚན་ལྔ་གསལ་བསྒྲགས་གནང་བ་དེ་ལ་ཁ་ཙམ་མིན་པའི་རྒྱབ་སྐྱོར་གཙང་མ་ཞུ་རྒྱུ་དང་། ད་ལམ་གྱི་གསུང་བཤད་དེ་བཞིན་རྒྱ་ཆེའི་མི་དམངས་ཀྱི་བསམ་ཚུལ་དང་ཡོངས་སུ་འགལ་བས་ལམ་སེང་ཕྱིར་བསྡུ་ཐུགས་རྗེ་ཆེ་བ་དང་། རྒྱ་དམར་དང་ཕྱི་ལག་ནང་འབྲེལ་གྱིས་བསླུ་ཐབས་སུ། ༧སྤྱི་ནོར་ཆེན་པོ་བོད་ལྗོངས་དང་། རྒྱ་ཡུལ་དུ་ཆིབས་བསྒྱུར་གཏན་ནས་མི་མཛད་པའི་གསོལ་འདེབས་སྙན་ཞུ་གྲངས་མང་ཕུལ་དང་འབུལ་མུས་ཡིན་གཤིས། དེ་ལ་བརྟེན་ནས་ཁྱེད་རྣམས་པའི་རིན་ཐང་བྲལ་བའི་རྒྱལ་གཅེས་སེམས་ཤུགས་དེ་སྔར་བཞིན་རྡོ་ལ་རི་མོ་བྲིས་པ་ལྟར་གནས་རྒྱུ་ཤིན་ཏུ་གལ་ཆེ། སྤྱི་ནོར་ཆེན་པོས་བོད་ལྗོངས་ཐུགས་ནས་དོར་བ་རྩ་བ་ནས་ཡོང་མི་སྲིད། གང་ལགས་ཤེ་ན། སྔོན་གྱི་ཐུགས་བསྐྱེད་དམ་བཅའ་བཙན་པོ་ཙན་དན་དང་། དྲི་བཞིན་རང་ཆས་སུ་ཡོད་པས། ད་ལམ་གསུང་བཤད་ཀྱི་མདོ་དོན་སྙིང་པོར་ཡང་། རྒྱ་ནག་དང་གྲོས་མོལ་བྱས་པར་འབྲས་བུ་ག་འདྲ་ཞིག་ཡོང་མིན་ལ་མ་ལྟོས་པར་མཐའ་མའི་ཐག་གཅོད་བྱ་རྒྱུའི་དབང་ཆ་དེ་བོད་མི་དམངས་རང་ལ་ཡོད། དེར་བརྟེན་བོད་ཆོལ་ཁ་གསུམ་ཁྱོན་ཡོངས་སུ་སྤྱི་དམངས་ཀྱིས་འོས་ཤོག་འཕེན་པའི་ནང་། བོད་མི་དམངས་ཀྱི་འདོད་བློ་ངོ་མ་དེ་ཤེས་རྟོགས་ཡོང་ཆེད་གྲོས་འཆར་ག་འདྲ་ཞིག་གི་ནང་དུ་ཡང་འཆར་གཞི་གོ་རིམ་ཞིབ་ཕྲ་ཞིག་འཁོད་རྒྱུ་ཡིན་ཞེས་བཀའ་གནང་ཡོད་པས་ན། བོད་མིའི་འདོད་བློ་ངོ་མ་ནི་རྒྱ་མིའི་འོག་ལ་སྡོད་འདོད་མེད་པ་དེ་རེད། དེའི་ཕྱིར་བོད་མིའི་འདོད་པ་དང་མི་བསྟུན་པར་མི་འགའ་ཞིག་གི་བསམ་འཆར་དང་བསྟུན་ནས་བོད་རྒྱའི་འོག་ཏུ་སྡོད་རྒྱུར་ཐག་བཅད་ན་འགྲིག་གི་མ་རེད། ཆོས་དང་འཇིག་རྟེན་གང་ལ་ཡང་དམངས་གཙོ་ཆེ་བར་༧གོང་ས་ཆེན་པོས་ཡང་ཡང་གསུངས་ཡོད། དམངས་གཙོ་ན་དམངས་ནས་བསམ་འཆར་འདོན་དགོས་ལ། དམངས་ཀྱི་འདོད་པ་དང་ཡང་བསྟུན་དགོས། དམངས་ནས་བསམ་འཆར་མི་འདོན། ལས་དོན་གང་ཡང་མི་སྒྲུབ་པར་༧རྒྱལ་བ་རིན་པོ་ཆེ་མཁྱེན་ཞེས་བསྡད་ན་འགྲིག་གི་མ་རེད།
ཡང་། ༧གོང་ས་མཆོག་ནས། སྤྱི་ལོ་ ༡༩༨༦ གསུམ་བཅུའི་དུས་དྲན་ཐེངས་ཉི་ཤུ་རྩ་བདུན་པའི་གསུང་བཤད་ནང་། ( བཀའ་སློབ་ཕྱོགས་བསྡུས་ཤོག་ལྷེ་ ༩༧/༡༣ ལ་གཟིགས། ) དེ་བཞིན་བོད་ནང་ལའང་ལོ་རྒྱུན་དེའི་རིང་རྒྱ་མིས་གདུག་རྩུབ་ཆེ་ཤོས་དང་། ཡ་ང་སྙིང་རྗེ་མེད་པའི་སྒོ་ནས་རྒྱ་མིའི་སྐད་ཆར་ཐབས་བརྒྱ་ཇུས་སྟོང་ཟེར་བ་དེ་སྤྱད་དེ། བོད་པ་ཞེས་པ་རྨེག་མེད་དུ་འགྲོ་བའི་འབད་བརྩོན་མང་པོ་ཞིག་ངོ་ཚའི་གདོང་འབག་བཤུས་ཏེ་བྱས་ཡོད་ཀྱང་། བོད་ནང་གི་བོད་པ་རྣམས་ཀྱི་སེམས་ཤུགས་ཤི་ཡོད་པ་མ་རེད། དངོས་གནས་སོ་སོའི་རིགས་གཞུང་ལ་གཅེས་ཉར་བྱེད་རྒྱུས་མཚོན་བོད་ཅེས་པའི་མིང་ཚིག་དེའི་འོག་ནས། ཕ་རོལ་པོའི་གདུག་རྩུབ་ཇི་ཙམ་ཆེ་བའི་ཚོད་ཀྱི་ཚུར་ཕྱོགས་ཀྱི་སྙིང་སྟོབས་དེ་ཙམ་གྱི་གོང་ནས་གོང་དུ་འཕེལ་བའི་གནས་ཚུལ་བྱུང་ཡོད་པ་རེད། འདི་ནི་ང་རང་ཚོ་བོད་པས་སོ་སོའི་མི་རིགས་ལ་གཞེན་ཤ་ཚའི་ཐོག་ནས་དཀྲོག་གཏམ་བཤད་པ་མ་ཡིན་པ། འཛམ་གླིང་གཟུ་བོར་གནས་པའི་མི་མ་ཉུང་བ་ཞིག་བོད་ནང་བལྟ་སྐོར་ལ་ཕྱིན་པ་དེ་ཚོ་ཕལ་མོ་ཆེས་ཁ་གཅིག་གྲགས་ཀྱི་ཐོག་ནས། བོད་ནང་གི་མི་ཚོ་སེམས་ཤུགས་ཆེན་པོ་ཡོད་པ་དང་། ཁང་ཚོ་རྒྱ་མི་ལ་རྩ་བ་ནས་མི་དགའ་བ་དང་། རྒྱ་མིའི་དབང་བསྒྱུར་འོག་ཡོད་པ་དེར་སེམས་གཏིང་ནས་མི་མོས་པ་ཤུགས་ཆེན་པོའི་མཐོང་ཚུལ་ཚང་མར་ཡོང་གི་ཡོད་པ་རེད། དེ་རྣམས་ང་ཚོའི་གཞིས་བྱེས་མི་མང་གི་བྱས་རྗེས་ཤིག་རེད། ཅེས་དང་། ཡང་གསུང་བཤད་གཞན་གཅིག་ནང་། ( བཀའ་སློབ་ཕྱོགས་བསྡུས་ཤོག་གྲངས་ ༣༩/༥ ལ་གཟིགས། ) བོད་ཀྱི་འཛིན་སྐྱོང་བྱེད་པའི་གོ་སྐབས་བོད་མིར་བྱུང་བའི་ཉིན་གཞུང་ཇི་འདྲ་ཞིག་འཛུགས་དགོས་མིན་ནི། བོད་མི་ཚོས་ཐག་གཅོད་བྱ་རྒྱུ་མ་ཟད། ཏཱ་ལའི་བླ་མའི་འཛིན་སྐྱོང་བྱེད་པའི་གཞུང་གི་སྲིད་ལུགས་འདི་ཡང་ཡོང་གི་ཡོད་མེད་ངེས་པ་མེད། མ་འོངས་པར་བོད་ཀྱི་ཐག་གཅོད་ནི། བོད་མི་རང་གིས་བྱེད་ངེས་ཡིན་ཅིང་ལྷག་པར་དེང་དུས་ཤེས་ཡོན་སྦྱང་བརྩོན་བྱས་པའི་གཞོན་སྐྱེས་ཡར་ཐོན་ཅན་ཚོའི་བསམ་ཚུལ་ནུས་ཤུགས་འདོན་ངེས་ཡིན་ཞེས་དང་།
ཡང་། གསུམ་བཅུའི་དུས་དྲན་ཐེངས་ཉི་ཤུ་པའི་སྐབས་ཀྱི་བཀའ་སློབ་ནང་ ( བཀའ་སློབ་ཕྱོགས་བསྡུས་ཤོག་གྲངས་ ༣༦/༡ ལ་གཟིགས།) བོད་མི་རིགས་ལ་མི་རིགས་གཞན་དག་གཅིག་གིས་རོགས་མ་བྱས་ན། སོ་སོའི་ལུང་པ་སོ་སོས་ཡར་རྒྱས་གཏོང་མ་ཐུབ་མཁན་ཞིག་རེད་པས་ཟེར་ན། རྩ་བ་ནས་མ་རེད། འདས་པའི་ལོ་རྒྱུས་ནང་ལ། ང་རང་ཚོ་བོད་པས་སོ་སོའི་ཤུགས་གང་ཡོད་ཆོས་ཀྱི་ཐོག་ལ་བསྒྲིལ། དེ་མིན་དངོས་པོའི་ཡར་རྒྱས་གཏོང་རྒྱུའི་དོན་ལ་དེ་ཙམ་བསམ་བློ་མ་བཏང་བར་བསྡད་པ་རེད། གཙོ་བོ་ནི་མཐོང་རྒྱ་དང་ཐོས་རྒྱ་ཆུང་བའི་གནས་ཚུལ་གྱིས་བསམ་བློ་སྦུགས་སུབ་དོག་དྲག་པའི་རྐྱེན་གྱིས་ཡར་རྒྱས་མ་ཕྱིན་པ་རེད་མ་གཏོགས། བོད་པས་ཡར་རྒྱས་གཏོང་མ་ཤེས་པ་དང་། བོད་པས་མ་འབྱོན་པར་རྗེས་ལུས་ཐེབས་བསྡད་པ་ཞིག་རྩ་བ་ནས་མ་རེད་བསམ་གྱི་འདུག དེ་མིན་པའི་སྒྲུབ་བྱེད་གང་ཡོད་ཟེར་ན། འདས་པའི་ལོ་ཉི་ཤུ་རྩ་བཞིའི་རིང་ལ་ང་ཚོ་མིའི་ལུང་པར་གྱར། བཙན་བྱོལ་བ་ཟེར་བའི་མིང་ཞིག་ཐོག་ནས་བསྡད་པ་རེད། རང་གི་ས་ཆ་སྦར་མཐིལ་ཙམ་ཡང་ཡོད་པ་མ་རེད། རང་རང་སོ་སོས་སྒྲིགས་འཛུགས་བཟོ་ཐུབ་ཡག་རྩ་བ་ནས་ཡོད་པ་མ་རེད། ཡིན་ཡང་། ལོ་ཉི་ཤུ་རྩ་བཞི་འདིའི་རིང་ལ་བོད་རིགས་ཀྱི་ཆོས་དང་། རིག་གཞུང་གོམས་གཤིས་རྣམས་མ་བརླག་པ་གཞི་ལ་བཞག་པའི་ཐོག་ནས། གཙོ་བོ་བཙན་བྱོལ་བ་རང་ཉིད་ཀྱི་ཁ་རང་གསོའི་དོན་དུ་དངོས་པོ་ཡར་རྒྱས་གཏོང་རྒྱུ་དང་། དེ་ག་ནང་བཞིན་དུས་རབས་ཉི་ཤུ་པ་རྗེས་ཟིན་པའི་དོན་དུ་དེང་དུས་ཀྱི་སློབ་སྦྱོང་བྱེད་རྒྱུ་སོགས་ང་ཚོས་མིའི་ལུང་པའི་ནང་བཙན་བྱོལ་བ་བྱས་ནས་བསྡད་པའི་གནས་ཚུལ་འདི་ལ་གཞིགས་པས་སྲ་ཐག་ཐག་བྱས་བསྡད་ཡོད་པ་རེད།
འཛམ་གླིང་འདིའི་སྒང་ལ་བཙན་བྱོལ་བ་འབུམ་ཕྲག་དང་ས་ཡ་ཡོད་པ་རེད་དེ། ཡིན་ནའང་བཙན་བྱོལ་བ་འདྲ་འདྲའི་ནང་ནས་མི་འདྲ་ཙམ་ཞིག་མིའི་ལུང་པར་རྩ་བ་ཚུགས། ཡལ་ག་དང་། ལོ་མ་རྒྱས་ནས་ང་ཚོས་འབྲས་བུ་སྨིན་ཐུབ་ཡག་གི་མཚམས་སུ་སླེབས་ཐུབ་པ་རེད། དེ་ག་རེ་བྱས་བྱུང་བ་རེད་ཟེར་ན། བོད་མི་རིགས་ལ་འབྱོན་ཐང་ཡོད་པའི་རྐྱེན་བྱས་ནས་བྱུང་བ་རེད་མ་གཏོགས། དེ་གནམ་ནས་བབས་པ་མ་རེད། ས་ནས་ཐོན་པ་མ་རེད། བོད་མིས་འབད་རྩོལ་བྱས་ནས་བྱུང་བ་རེད། བོད་མིས་དཀའ་ལས་རྒྱབ་ནས་བྱུང་བ་རེད། གཞི་རྩའི་དཀའ་ལས་རྒྱབ་ཡག་དང་། ལས་དོན་གོ་སྒྲིགས་བྱ་རྒྱུ་ཚང་མ་ང་ཚོ་བོད་པ་རང་ཉིད་ཀྱི་འགོ་འཁྲིད་བོད་རང་ཉིད་ཀྱིས་སྒྲིགས་འཛུགས་བཟོས་ནས་བྱས་པ་མ་གཏོགས། ང་ཚོ་བཙན་བྱོལ་བའི་དཔོན་པོར་ཕྱི་རྒྱལ་བ་ཞིག་མི་གླ་སྒྲིགས་པ་མེད། ང་རང་ཚོ་བོད་པ་རང་གིས་བསམ་བློ་བཏང་། བོད་པ་རང་གི་འབད་བརྩོན་བྱས་ནས་བྱུང་བ་རེད། བོད་མིས་རང་ས་བྲལ་ནས་གཞན་གྱི་ལུང་པའི་ནང་དཀའ་ངལ་ཆེན་པོ་ཞིག་གི་འོག་ནས་འདི་ག་ཙམ་བྱེད་ཐུབ་པ་དེས་རྟགས་ག་རེ་བསྟན་པ་རེད་ཟེར་ན། བོད་པར་གོ་སྐབས་བྱུང་ན་བོད་པས་བྱེད་ཐུབ་ཀྱི་ཀྱི་ཡོད་པ་དང་། བོད་པས་འབྱོན་གྱི་ཡོད་པ་དེ་བསྟན་པ་རེད། བོད་རྒྱལ་ཁབ་དེ་ང་རང་ཚོ་བོད་པ་རང་གི་ལག་པར་ཕྱིར་ལོག་བྱུང་བ་ཡིན་ན། བོད་ལུང་པའི་ནང་ལ་དངོས་པོ་ཡར་རྒྱས་གཏོང་རྒྱུ་དང་། དེ་ཡང་བོད་ཀྱི་གོམས་གཤིས་དང་། བོད་མི་རིགས་ཀྱི་རིག་གཞུང་མ་བརླག་པ། བོད་མི་རིགས་ཀྱི་བསམ་བློའི་བདེ་སྐྱིད་མ་བརླག་པའི་ཐོག་ནས། བོད་ཡར་རྒྱས་གཏོང་རྒྱུ་དེ་བོད་པ་རང་ཉིད་ཀྱིས་འབྱོན་གྱི་རེད་བསམ་གྱི་འདུག། འབྱོན་གྱི་ཡོད་པའི་རྟགས་དེ་ད་ལྟ་ངས་བཤད་པའི་གནས་ཚུལ་ཚང་མས་མཐོང་བཞིན་པ་རེད། དེ་འདྲ་ཡིན་ཙང་། རྒྱ་མིའི་ངོས་ནས་ཕྲན་བུའི་སྲིད་བྱུས་གུ་ཡངས་བཏང་བ་དེས་བོད་པའི་བྲོད་ཁོག་རྒྱག་གི་རེད་བསམ་པ་ཞིག་རྒྱ་མིའི་ངོས་ནས་བསམ་བློར་འཁོར་གྱི་མེད་ཤག་རེད། བསམ་བློ་དེ་འཁོར་ན་ལྐུག་པ་རེད་བསམ་གྱི་འདུག་ཅེས་གསུངས་ཡོད་པ་རེད།
ཡང་ ༧གོང་ས་ཆེན་པོའི་གསུང་བཤད་གཅིག་ནང་ (བཀའ་སློབ་ཕྱོགས་བསྡུས་ཤོག་གྲངས་ ༥༩/༥ ལ་གཟིཌ) ང་ཚོ་བོད་མི་ཉུང་ཉུང་ས་ཡ་དྲུག་ཙམ་ལས་མེད་པ་དང་། ལུང་པ་རྒྱ་ཤིན་ཏུ་ཆེན་པོ་ཡོད། དེ་འདྲའི་ཐོག་ནས་ས་གནས་ཕན་ཚུན་རྒྱང་ཐག་ཆོད་ནས་གཅིག་གིས་གཅིག་ལ་རྣམ་ཀུན་འབྲེལ་བ་ཤུགས་ཆེན་པོ་མེད་པར་བསྡད་པའི་སྐྱོན་བྱུང་། ད་ཆ་ཡང་བོད་པ་རྣམས་ཁ་ཐོར་ནས་བསྡད་པ་ཡིན་དུས། ལྷ་ས་ཁུལ་ལ་བསྡད་པ་དེ་ཚོ། དབུས་ནང་ཁུལ་མགོ་འཁོར་ནས་བསྡད་པ་ལྟ་བུ་དང་། དེ་བཞིན་སྟོད་ཁུལ། མདོ་སྨད་ཁུལ། ཁམས་འབྲི་ཆུ་ཤར་ནུས་སོགས་ལ་སོ་སོའི་སྡེ་སྒོར་སྒོར་རེ་མ་གཏོགས་མ་མཐོང་བའི་བཟོ་འདྲ་པོ་དེ་འདྲ་བྱས་ན་མི་འགྲིགས། ང་ཚོ་བོད་རིགས་ཡོངས་རྫོགས་བོད་རིགས་གཅིག་གྱུར་ཆགས་ནས་བསྡད་ཡོད། ཆོས་ནས་བཤད་ན། འཕགས་པ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་བཏབ་ནས་མ་ཎི་འདྲེན་མཁན་གཅིག་གྱུར་ཡིན་པ་དང་། འཇིག་རྟེན་གཤིས་ལུགས་ཀྱི་ཐོག་ནས་བཤད་ན། བོད་ཡིག་གཅིག་གྱུར་དང་། རྩམ་གཟན་གཅིག་གྱུར། རྒྱ་མིའི་ངོས་ནས་མིང་ག་རེ་བཏགས་རུང་མ་བཏགས་རུང་། ངོ་ཚོ་བོད་པའི་ངོས་ནས་བོད་རིགས་ཡོངས་རྫོགས་གཅིག་གྱུར་ཡིན་སྙམ་པའི་འདུ་ཤེས་འཛིན་རྒྱུ་གལ་ཆེན་པོ་ཡིན། ང་ཚོ་བོད་མི་བཙན་བྱོལ་བ་རྒྱ་གར་ལ་སླེབས་པའི་ཉིན་དང་པོ་དེ་ནས་ང་ཚོ་ཚང་མ་བོད་རིགས་གཅིག་གྱུར་ཡིན་པའི་ངོས་འཛིན་བྱས་ཏེ་བོད་ཟེར་བ་ཚིག་གཅིག་གི་འོག་ལ་ང་རང་ཚོ་མཉམ་དུ་བསྡད། བོད་རིགས་གཅིག་གྱུར་གྱི་འདུ་ཤེས་བཞག་ནས་ང་ཚོ་སྐྱིད་ན་ཡང་གཅིག། སྡུག་ན་ཡང་གཅིག་བྱས་ནས་བོད་རིགས་ཚང་མ་གཅིག་གྱུར་བྱ་རྒྱུ་དེ་གལ་ཆེན་ཤོས་ཤིག་རེད། དཔེར་ན། བོད་ཟེར་དུས་དབུས་གཙང་ཁོ་ནར་གོ། མདོ་སྟོད་སྨད་ཟེར་དུས་ཟུར་དུ་གོ་བ་ཡིན་ན། ང་མདོ་སྨད་ནས་ཡོང་བ་ཡིན་དུས། ༧རྒྱལ་བ་རིན་པོ་ཆེ་བོད་པ་མིན་པ་ཆགས་པ་རེད། དེ་འདྲ་བྱས་ན་བོད་ཁ་བྲལ་ལ་འགྲོ་རྒྱུ་རེད། དེ་འདྲ་མིན་པར་གཙོ་བོར་བོད་རིགས་ཟེེར་བའི་ཐོག་ནས་བསམ་བློ་བཏང་ན། བོད་ཁ་བ་ཅན་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་། སྤྱན་རས་གཟིགས་ཡི་དམ་དུ་བྱས་ནས་མ་ཎི་བགྲང་མཁན་ཞིག་གི་ཐོག་ནས་བརྩིས་ན། ཤར་དར་རྩེ་མདོ་ནས། ནུབ་ལ་དྭགས་བར། བྱང་སོག་པོའི་ས་མཚམས་ནས། ལྷོ་མོན་གྱི་བར་མ་ཎི་བགྲང་མཁན་གཅིག་གྱུར་ཆགས་ཡོད། ཚང་མས་མི་རིགས་ཀྱི་ལྟ་བ་འཁྱེར་ནས་གཅིག་གྱུར་དང་། རྡོག་སྒྲིལ་པོ་བྱ་རྒྱུ་གལ་ཆེན་པོ་ཡིན། ང་ཚོའི་ལུང་པ་སྤྱི་ཡོངས་རྒྱ་མིས་དབང་བསྒྱུར་བྱས་ནས་བསྡད་པ་ཡིན་དུས། གཅིག་གིས་གཅིག་ལ་སྐྱོ་རོགས་དང་། གཅིག་གིས་གཅིག་ལ་ཕན་གྲོགས་བྱེད་དགོས། དེ་སྔ་ཡིན་ན། ཨ་མདོ་ལ་ཆ་བཞག་ན་ལྷ་ས་དང་ཆོས་ཀྱི་ཐོག་ནས་འབྲེལ་བ་དམ་པོ་ཡོད་པ་ལས ཆབ་སྲིད་ཀྱི་ཐོག་ནས་ཧ་ལམ་འབྲེལ་བ་མེད་པ་ལྟ་བུ་རེད། དེ་བཞིན་ཁམས་ལ་ཆ་བཞག་ནའང་རྒྱ་སྡེ་དང་བོད་སྡེ་གཉིས་སུ་ཕྱེ་ནས་བསྡད་པ་དང་། ཨ་མདོ་ནི་ཕལ་ཆེ་བ་རྒྱ་སྡེའི་བཟོ་འདྲ་ཞིག་བྱས་ནས་བསྡད་པ་དང་། ཁ་ཤས་ནི་ཁྲིམས་མགོ་རང་བཙན་གྱི་བཟོ་འདྲ་བྱས་ནས་རྒྱ་མིའི་ཤུགས་ཀྱང་མ་སླེབས། འདི་ནས་བོད་གཞུང་གི་དབང་ཤུགས་ཀྱང་མ་སླེབས་པ་བྱས་ཏེ་བསྡད་པ་ཕལ་ཆེར་རེད།
གང་ལྟར་སྔ་མོ་ནས་གནས་སྟངས་ག་འདྲ་ཡིན་རུང་མིན་རུང་། རི་ཁ་བ་ཅན་གྱི་བོད་རིགས་གཅིག་གྱུར་རེད། བར་ལམ་རྒྱ་མིས་སྡུག་པོ་གཅིག་གྱུར་གཏོང་དུས་བོད་མི་ཡོངས་རྗོགས་གངས་ཅན་བོད་ཅེས་པའི་ཚིག་གི་འོག་ལ་རྡོག་འགྲིལ་བའི་གནས་ཚུལ་ཡག་པོ་ཞིག་ཡོང་གི་འདུག། འདི་ནི་ཧ་ཅང་གི་གལ་ཆེན་པོ་རེད། ཅེས་ནན་ཏན་གྱིས་གསུངས་ཡོད། སྔ་ཕྱིའི་བཀའ་སློབ་དེ་དག་རང་རེའི་སེམས་ལ་བཞགས་ནས། རྒྱ་དམར་གཡོ་རྒྱུ་དང་། ཕུངས་དཀྲུག་ལ་བྱང་ཆུབ་པའི་ཁར། རང་རིགས་རྒྱལ་ཚོང་པ་ནང་ཁུལ་ས་འོག་དར་བཏགས་ཀྱི་ཐབས་འཕྲུལ་ཤིན་ཏུ་ཆེ་བས། སྤྱི་ནོར་ཆེན་པོས་སྤྱི་ཟླ་ ༦ ཚེས་ ༡༥ ཉིན་གསུངས་པའི་གསུང་བཤད་ཀྱི་སྙིང་པོ་ལག་ཆར་འཁྱེར་ཏེ་ཕུངས་དཀྲུག་གི་དཀྲོག་གཏམ་དང་དྲག་ཤུགས་ཀྱི་སྡིག་རྭ་སོགས་རི་བསྒུལ་མཚོ་སྐྱོམ་ཇི་འདྲ་བྱས་ཀྱང་། ༧རྒྱལ་བ་ཐམས་ཅད་མཁྱེན་པར་དད་ལོག་དང་། བློ་ལོག ཆབ་སྲིད་ཀྱི་སེམས་ཤུགས་ཆགས་གཞིའི་རིགས་གཏན་ནས་མ་བྱས་པར། རང་ཡུལ་རང་དབང་རང་བཙན་འབྱུང་ཐབས་ཀྱི་སྙིང་སྟོབས་དང་། དམ་ཚིག་མདུད་རྒྱ་གཅིག་བསྒྲིལ་ཐོག་ནས། ལས་འགུལ་རྡོ་ལ་རི་མོ་བྲིས་པ་བཞིན་བྱེད་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡིན། སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་ལ་སྒྲས་ཟིན་འགལ་བ་བྱུང་ཚེ་དྲི་བ་ཞུས་ནས་དྲང་ངེས་ཕྱེ་བའི་ལོ་རྒྱུས་བྱུང་བ་བཞིན། ༧རྒྱལ་དབང་མཆོག་གི་གསུང་ཟིན་ཙམ་གྱི་རྗེས་སུ་མ་འབྲང་བར་ཐུགས་ཀྱི་བཞེད་དགོངས་གཙོ་བོའི་རྗེས་སུ་འབྲང་དགོས་ལ། དེ་ནི་གོང་དུ་དྲངས་པའི་བཀའ་བཞིན་བོད་མི་དམངས་འཐབ་ཕྱོགས་གཅིག་གྱུར་གྱིས་བོད་རང་དབང་གི་ལས་འགན་སྒྲུབ་དགོས་པ་དེ་རེད། དེའི་ཕྱིར་ལས་དོན་གང་ཡང་མི་སྒྲུབ་པར་༧རྒྱལ་བ་རིན་པོ་ཆེ་མཁྱེན་ཞེས་བསྡད་པ་ཙམ་གྱིས་བོད་གཞུང་གི་ཞབས་འདེབས་གང་ཡང་ཞུས་མི་ཐུབ་པར་མ་ཟད། ༧གོང་ས་མཆོག་གི་དགོངས་བཞེད་དང་ཡང་འགལ་གྱི་ཡོད་པ་རེད། ཁ་ནས་ཨོཾ་མཎི་པདྨེ་ཧཱུྃ། ༧རྒྱལ་བ་རིན་པོ་ཆེ་མཁྱེན་ཞེས་ཟེར་ནས་སྡོད་པ་ནི་རང་གི་དོན་ཡིན་གྱི། བོད་ཀྱི་ཆབ་སྲིད་ལ་ཕན་པའི་ལས་ཀ་ཞིག་ག་ལ་ཡིན། བོད་ཀྱི་ཆབ་སྲིད་བོད་མིས་སྒྲུབ་དགོས་ལ། དེ་ཡང་བོད་མི་དམངས་ནས་སྒྲུབ་དགོས་པ་ཞིག་ཡིན།
རྒྱ་དམར་དང་། རྒྱ་དམར་གྱི་རྒྱུགས་ཁྱི་རྗེས་འབྲང་དང་བཅས་པས་མཁས་པོ་དང་། སྙན་པོ་ཇི་འདྲ་བཤད་ཀྱང་བདེན་པ་སྣེ་གཅིག་ཡོད་པ་མ་རེད། ང་ཚོས་ཁྱེད་རྣམས་ལ་དྲན་གསོའི་ཆེད་དུ་སྔོན་བྱུང་དཔེ་སྟོན་ཁ་ཤས་ཞུ་རྒྱུ།
༡ རྒྱ་དམག་ཐོག་མར་བོད་ནང་ཡོང་དུས། ང་ཚོ་བོད་དེ་ཕྱི་རྒྱལ་བཙན་དབང་རྒྱལ་ཁབ་ཀྱི་འོག་ནས་བཅིངས་བགྲོལ་གཏོང་བའི་ཆེད་དུ་འགྲོ་གི་ཡོད་ཟེར། བོད་ལྗོངས་ཕྱིའི་རྒྱལ་ཁབ་སུའི་འོག་ལ་ཡོད་པ་རེད། ?
༢ ང་ཚོ་བོད་མི་དམངས་ལ་ཞབས་ཕྱི་ཞུ་བའི་ཆེད་དུ་ཡིན་ཟེར་བ། རྒྱ་དམག་བོད་ནང་སླེབས་རྗེས། བོད་མིར་གྲལ་རིམ་གྱི་འཐབ་རྩོད་དང་། མི་དམངས་རྣམས་ཉིན་མཚན་མེད་པ་ངལ་རྩོལ་དང་། གཅིག་གིས་གཅིག་ལ་སྐྱོན་བརྗོད་ཀྱི་ཚོགས་འདུ་བྱས་ཏེ། སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་། ལྟོ་ཁྱིའི་ལྟོ་ལ། ལས་བོང་བུའི་ལས་བྱེད་དགོས་བྱུང་བས་མི་དམངས་ཁྲི་ཁྲག་མང་པོ་ཤི་གོད་བྱུང་བ་དེ་ཚོ་མི་དམངས་ལ་ཞབས་ཕྱི་ཞུ་བ་རེད་པས། ?
༣ རྒྱ་མིའི་ཞི་དྲག་གི་དཔོན་དམངས་སུ་ཡིན་ནའི་བོད་མིའི་ས་ནས་དངོས་པོ་ཁབ་སྐུད་པ་ཙམ་ཡང་འཕྲོག་ལེན་མི་བྱེད་ཟེར་བ། བོད་གཞུང་འབངས། སྒེར་ཆོས་ཡོངས་རྫོགས་ཀྱི་སྔ་རྗེས་གཅེས་ནོར་ཡོད་རྒུ་དང་། མདོར་ན་དུད་ཚང་སྙོམས་ཆུང་གི་ཐབ་སྟེང་ཇ་སྐོལ་ཟངས་སྡིག་ཡན་འཕྲོག་འཁྱེར་དང་། ས་གཏེར། རྩ་ཤིང་ནགས་ཚལ་གྱི་དགེ་བེད། ཞིང་འབྲོང་གི་དགེ་བེད་ཡོད་ཚད་ཚང་མ་རྒྱ་ནག་ཏུ་ཉིན་མཚན་མེད་པར་འོར་འདྲེན་བྱས་པ་དང་། བྱེད་བཞིན་པ་དེ་ཚོ་ཁབ་དང་སྐུད་པ་ཙམ་མི་ལེན་ཟེར་བ་དེ་རེད་པས། ?
༤ ང་ཚོས་བོད་ཡར་རྒྱས་འཛུགས་བསྐྲུན་བྱས་རྗེས་ང་ཚོ་རང་ཡུལ་ལ་ལོག་འགྲོ་གི་རེད། ཅེས་ཟེར་བ། བོད་ནང་མི་ལོ་སྟོང་ཕྲག་གི་སྔོན་ནས་འཛུགས་བསྐྲུན་གནང་བའི་སྐུ་གསུང་ཐུགས་རྟེན། དགོན་པ། ལྷ་ཁང་། སྒྲུབ་སྡེ། བཤད་གྲྭ། རི་ཁྲོད། རྫོང་ཁང་། སྒེར་ཁང་ཁྲི་ཕྲག་མང་པོ་ཡོད་པ་དེ་ཚོ་གྱང་རོ་གྱང་ནག་བཟོས། སྐུ་གསུང་ཐུགས་རྟེན་རིན་ཐང་ཅན་རྣམས་རྒྱ་ཡུལ་དུ་འོར། དེ་བྱིངས་གཏོར་བཤིག་བཏང་བ་དེ་ཚོ་བོད་ཡར་རྒྱས་འཛུགས་བསྐྲུན་བྱས་པ་རེད་པས། ?
༥ འཛུགས་བསྐྲུན་ཡར་རྒྱས་བྱས་ཏེ་རང་ཡུལ་ལ་ལོག་རྒྱུ་ཟེར་བ། ལོག་རྒྱུ་ཕར་བཞགས། ད་དུང་རྒྱ་རིགས་གཞིས་ཆགས་པ་འབུམ་ཕྲག་མང་པོ་བཏང་སྟེ། བོད་ལྗོངས་འདི་བཞིན་རྒྱ་མིའི་མི་སེར་སྤེལ་ཡུལ་ཞིག་ཏུ་བཟོས་ཏེ། ཡུལ་གྱི་བདག་པོ་བོད་མི་རྣམས་རྒྱ་མིའི་བྲན་གཡོག་ཞིག་ཏུ་བསྐུལ་བཞིན་པ་དེ་རེད།
དེས་མ་ཚད་སྤྱི་ལོ་ ༡༩༥༠ ལོར་པད་ཅིང་དུ་རྒྱ་དམར་རང་གི་འདོད་པ་ལྟར་བཙན་དབང་གིས་བཞག་བཅུག་པའི་ཆིངས་ཡིག་གམ། གྲོས་ཆོད་ཟེར་བ་དོན་ཚན་བཅུ་བདུན་པ་དེ་ཚོར་ཡང་། རྒྱ་དམར་རང་ཉིད་ནས་ཁ་དན་ཚིགས་གནས་མ་བྱས་པར་གྲོས་ཆོད་དེར་བརྡལ་བཤིག་བཏང་བ་དོན་ཚན་ཁ་ཤས་དཔེར་མཚོན་ལྟ་བུར་གསལ་སྟོན་བྱས་ན། གྲོས་ཆོད་ཟེར་བའི་གླེང་བརྗོད་ནང་ཀྲུང་དབྱང་མི་དམངས་སྲིད་གཞུང་དང་། བོད་ས་གནས་སྲིད་གཞུང་གཉིས་བོད་ཞི་བའི་བཅིང་བགྲོལ་འབྱུང་ཐབས་སྐོར་གྲོས་ཆོད་ཅེས་པ་བཞག་ཚུལ་གསལ་བ། ཞི་བའི་བཅིང་བཀྲོལ་ཐོབ་ཡོད་ན། དྲག་པོའི་དམག་མི་འདི་ཙམ་གཏོང་དགོས་པ་ཅི་ཡིན། རྒྱ་དམག་བོད་ནང་སླེབས་ཏེ་མི་བསད་ཁྲག་སྦྱོར་འདི་ཙམ་བྱས་པ་དེ་ཞི་བའི་བཅིང་བཀྲོལ་ཟེར་བ་དེ་རེད་པས། ?
གྲོས་ཆོད་ཀྱི་དོན་ཚན་བཞི་པར། བོད་ཀྱི་ཆབ་སྲིད་ལམ་ལུགས་ད་མུས་ལ་ཀྲུང་དབྱང་ནས་བསྒྱུར་བཅོས་མི་བྱེད། ཏཱ་ལའི་བླ་མའི་སྔར་ཡོད་གོ་གནས་དང་། དབང་ཆར་ཀྲུང་དབྱང་ནས་བསྒྱུར་བཅོས་མི་བྱེད། དཔོན་རིགས་མཐོ་དམའ་རྣམས་སྔར་བཞིན་གནས་རྒྱུ་ཞེས་གསལ་ཡོད་པར། རྒྱ་དམག་ལྷ་སར་སླེབས་པ་ནས་བཟུང་ཞི་བའི་ལས་བྱེད་པ་དང་། ཚོང་རིགས་ཟམ་མི་ཆད་པར་འབྱོར། གཞུང་གི་བཀར་འབྲུ་དང་། གླིང་ཁག། སྒེར་ཁག་ལ་ཡོད་པའི་བཟའ་འབྲུ་ཚང་མ་གཡར་བསྐྱི་དང་བཙན་འཕྲོག་བྱས། ལྷ་སའི་ནང་སྒེར་གྱི་ཁང་པ་ཆེ་ཁག་ཕལ་ཆེར་བཙན་ཉོ་བྱས། མི་དམངས་ཀྱི་སྤྲོ་སྐྱིད་གཏོང་ཡུལ་གླིང་ཁ་དང་། སྔར་ལམ་ཡར་སོར་རྟ་དམག་གི་སྒར་སྒྲིགས་བྱེད་ཡུལ། རྒྱལ་བའི་གསུང་ཆོས་གནང་ཡུལ་བཞུགས་ཁྲི་གླིང་ཁ་སོགས་ལ་བཙན་ཤུགས་ཐོག་ནས་རྒྱ་མིའི་དམག་སྒར་དང་། ཚོགས་ཁང་། མགྲོན་ཁང་སོགས་བརྒྱབ། བོད་གྱི་སྣོད་བཅུད་ག་འཛོལ་དུ་ཕྱིན་ཏེ་བཟའ་བཅའི་རིན་གོང་བརྒྱ་ལྡབ་ཏུ་འཕར་རྐྱེན་ཆོས་བྱེད་གྲྭ་རྐྱང་དང་། མི་སེར་སྙོམས་ཆུང་གི་འཚོ་བའི་དཀའ་ངལ་ཆེན་པོ་བྱུང་སྐབས། བོད་ལྗོངས་མི་དམངས་ནས་ཚུལ་མཐུན་ཞི་ཐབས་ཀྱི་གནས་ལུགས་ཚིག་ཐོ་དོན་ཚན་དྲུག་འཁོད་རྒྱ་བོད་ལྷན་རྒྱས་སར་ལུགས་མཐུན་གྱི་ཕུལ་བར་རྫུས་འཐུས་ཞེས་མིང་བཏགས་ཏེ་མི་དམངས་འཐུས་མི་རྣམས་དྲག་ཤུགས་བཙན་ཤེད་བྱས་ནས་དོ་དམ་བཙོན་འཇུག་བྱེད་དུ་བཅུག། བོད་རང་གི་ཡུལ་སྲོལ་ལྟར་བྱས་ན། ལས་དོན་ཛ་དྲག་ཆེ་ཆུང་ཇི་འདྲ་ཞིག་ཡིན་ཡང་། སྙན་ཞུ་དང་། འཆར་གཞི་སོགས་བཀའ་ཤག་དང་། སྲིད་བློན། སྤྱི་མཁན། རྩེ་མཁན་མགྲོན་ཆེ་སོགས་བརྒྱུད་དེ་༧སྐྱབས་མགོན་ཏཱ་ལའི་བླ་མ་རིན་པོ་ཆེར་འབུལ་སྲོལ་དེ་ལྟར་ཡང་། རྒྱ་མིའི་དཔོན་རིགས་རྣམས་ཀྱིས་སྐུ་མདུན་དུ་ཐད་ཀར་བཅར་རྐྱང་བྱས་པ་དེས། བོད་ཀྱི་ཆབ་སྲིད་ལམ་ལུགས་ད་མུས་ཞེས་པ་བཅོས་བསྒྱུར་བྱས་པ་དང་། སྐྱབས་མགོན་ཏཱ་ལའི་བླ་མའི་སྔར་ཡོད་དབུ་གནས་དང་མཚན་མཐོང་སྙོད་ཆུང་དུ་བཏང་བས་མ་ཚད། བོད་ཀྱི་ལས་དོན་གང་སྤྱིར་གཞུང་བསྲང་དྲང་ཚུགས་ཆེ་ཞིང་། མི་དམངས་ཀྱི་སྤྱི་མོས་དང་། དགའ་གུས་བྱེད་པའི་སྲིད་ཚབ་བློ་བཟང་བཀྲ་ཤིས་དང་། ཀླུ་ཁང་པ་ཚེ་དབང་རབ་བརྟན་གཉིས་ཕྱག་ལས་ནས་དགོངས་འཁྲོལ་གནང་དགོས་པ་དགོས་དབང་བཙན་ཤུགས་ཀྱིས་ཞུས་རྐྱེན་༧གོང་ས་མཆོག་ཐུགས་ཕམ་དང་བཅས་དགོངས་འཁྲོལ་མི་གནང་ཐུ་མེད་བྱུང་བ་སོགས་གྲོས་ཆོད་ཀྱི་དོན་ཚན་བཞི་པ་ཡོངས་སུ་བརྩི་མེད་བརྡལ་བཤིག་བཏང་བ་མ་རེད་པས། ?
དོན་ཚན་དྲུག་པར། ཏཱ་ལའི་བླ་མ་དང་། པཎ་ཆེན་ཨེར་ཏི་ནིའི་སྔར་ཡོད་གོ་གནས་དང་དབང་ཆ། ཞེས་པ་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་དང་། པཎ་ཆེན་ཨེར་ཏི་ནི་སྐུ་ཕྲེང་དགུ་པ་མཐུན་པོའི་སྐབས་ཀྱི་གོ་གནས་དང་། དབང་ཆ་ཞེས་གསལ་བ། པཎ་ཆེན་མཚོ་སྔོན་ནས་རྒྱ་དམག་དང་བཅས་སྤྱི་ལོ་ ༡༩༥༢ ལོར་ལྷ་སར་འབྱོར་གནང་སྐབས་རྩེ་ཕོ་བྲང་ཤར་རྒྱུད་གཟིམ་ཆུང་དུ་སྔར་ལམ་སྐུ་ཕྲེང་གོང་མའི་མཛད་ལམ་བཞིར་བཞག་གིས་བཞུགས་ཁྲི་སྒྲོན་རྒྱག་བྱས་ཏེ་ཐོག་མའི་མཇལ་འཕྲད་གནང་ཡང་། བར་དེར་བཀྲས་ཁོག་རྒྱ་ཞུགས་ཀྱིས་བཞུགས་ཁྲི་སྒྲོན་རྒྱག་སྐོར་སྙོག་ཁྲ་བླངས་ཏེ། པཎ་ཆེན་བཀྲིས་ལྷུན་པོར་ཕེབས་ཐོན་སྐབས་སྔར་སྲོལ་མཛད་སྒོ་གནང་མེད་པས་ཚད། དེ་ནས་བཟུང་རྒྱལ་པཎ་མཇལ་འཕྲད་ནམ་གནང་སྐབས་གྲོས་ཆོད་ཀྱི་དོན་ལ་མ་གནས་པས་འདྲ་མཉམ་ལྟ་བུའི་སྣང་ཆུང་བརྩི་མེད་བྱས་པས་དོན་ཚན་དྲུག་པ་བརྡལ་བཤིག་བཏང་བ་རེད།
གྲོས་ཆོད་ཅེས་པའི་དོན་ཚན་བདུན་པར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་ཚོགས་གྱི་གུང་ཐུང་ཀང་ལིང་ནང་ཐག་བཅད་པའི་ཆོས་ལུགས་ལ་དད་པ་རང་མོས་བྱས་ཆོག་པའི་སྲིད་བྱུས་ལག་ལེན་བྱས་ཏེ། བོད་མི་དམངས་ཀྱི་ཆོས་ལུགས་ལ་དད་པ་དང། ཡུལ་གྱི་གོམས་པའི་གཤིས་ལུགས་ལ་བརྩི་འཛིན་བྱེད་རྒྱུ་དང་། དགོན་པ་གྲྭ་ཚང་ལ་སྲུང་སྐྱོབས་བྱེད་རྒྱུ། དགོན་པ་གྲྭ་ཚང་གི་ཡོང་སྒོར་ཀྲུང་དབྱང་ནས་བཅོས་བསྒྱུར་མི་བྱེད། ཅེས་གསལ་ཡོད་ཀྱང་། ༧རྒྱལ་བ་ཐམས་ཅད་མཁྱེན་པ་བད་ཅིང་དུ་ཉིན་གཅིག་མའོ་ཚལ་ཏུང་དང་མཇལ་འཕྲད་སྐབས་མ་འོས། ཆོས་ནི་དུག་རེད། བོད་དང་། སོག་པོ་གཉིས་ཆོས་ཀྱི་དུས་དེས་འབྱམས་པ་རེད། ཅེས་དངོས་སུ་གདོང་འབག་དབྲལ་ནས་ཞུས་པས་མ་ཚད། ནང་པའི་ཆོས་ཀྱི་བསྟན་པའི་བདག་པོ་སངས་རྒྱས་བཅོམ་ལྡན་འདས་ཀྱང་ལོག་སྤྱོད་པ་ཡིན་ཚུལ་དཀར་མཛེེས་ཉིན་རེའི་བོད་ཡིག་གསར་ཤོག་ཐོག་བཏོན་པ་དང་། རྒྱུན་དུ་བླ་མ་ལ་ཇག་པ་སེར་པོ་དང་། གྲྭ་པ་རྣམས་ལ་རྐུན་མ་དམར་པོ་ཞེས་རྗོད་པ་མ་ཚད། ཤེས་རིག་གི་གསར་བརྗེ་ཞེས་པའི་དུས་ངན་དེའི་སྐབས་རིན་ཐང་བྲལ་བའི་སྐུ་གསུང་ཐུགས་རྟེན་གྲངས་མེད་གཏོར་བཤིག་བཏང་སྟེ་གསེར་སྐུ་དང་། དངུལ་སྐུ། ལི་སྐུ་སོགས་བཟོ་གྲྭའི་ནང་བཞུ་ལུག་དང་། འཇིག་སྐུ་རྣམས་བཤིག་སྟེ་ལམ་སྲང་ལ་བཏིང་པ་དང་། གསེར་ཆོས་དང་། སྐྱ་ཆོས་གྲངས་མེད་མེར་བསྲེགས་དང་། ལྷམ་གྱི་མཐིལ་འཚངས་སུ་བརྒྱབ་པ། ༧རྒྱལ་བའི་བཀའ་འགྱུར་དང་། བསྟན་འགྱུར་གྱིས་གཙོས་གསུང་རབ་ཤིང་པར་ཡིག་འབྲུ་ལམ་མེར་པང་བཅལ་དང་། རྐུབ་བཏེགས། སྐས་ཀྱི་གདང་བུ་བཟོས་ཤིང་། རྡོ་བརྐོས་མཎི་ལམ་སྲང་ལ་བཏིང་བ་དང་། གསང་གཅོད་ཀྱི་ཁ་སྐྱོར་ལ་བརྒྱབ་པ་སོགས་ཆོས་ལ་དམའ་འབེབས་ཚད་མེད་བྱས་པ་དང་། རྗེས་སུ་ཕྱི་རྒྱལ་བ་ཚོར་སྟོན་བྱེད་དགོན་པ་དང་། ལྷ་ཁང་ཁ་ཤས་ལ་ཉམས་གསོ་འཕྲལ་མངོན་ཙམ་བྱེད་པའི་སྐབས་སུ། ལྷ་སར་རྒྱ་དཔོན་ཞིག་གིས་བཤད་གསལ། དེང་སྐབས་གཙུག་ལག་ཁང་དང་། པོ་ཏ་ལ་ནོར་བུ་གླིང་ཁ་སོགས་ལ་ཉམས་གསོ་བྱེད་ཡག་འདི་ཆོས་ཡར་རྒྱས་ཀྱི་ཆེད་དུ་བྱས་པ་མ་རེད། སྔར་སྔ་མོའི་རྒྱ་བོད་མི་རིགས་ཀྱི་ལག་རྩལ་རྣམས་ཕྱི་རྒྱལ་པ་ཚོར་སྟོན་ཆེད་བྱས་པ་རེད། ཅེས་དང་། བོད་རང་སྐྱོང་ལྗོངས་ཟེར་བའི་འགོ་འཁྲིད་རྒྱ་དཔོན་དབྱིང་པ་ཐང་གིས་ལྷ་ས་ཆོས་ཀྱི་ཚོགས་འདུ་ཞིག་གི་སར་མངོན་སུམ་འཛེམས་མེད་ཀྱི་བཤད་དོན་ང་ཚོའི་མཐར་ཐུག་གི་དམིགས་ཡུལ་ནི། ཆོས་རྩ་མེད་བཟོ་རྒྱུ་དེ་རེད། འོན་ཀྱང་ད་ལྟ་མི་རབས་རྒན་པ་ཁག་གཅིག་བསྡད་ཡོད་པ་དེ་ཚོའི་ཀླད་པར་ཆོས་ཀྱི་ཤུགས་རྐྱེན་ཆེན་པོ་ཡོད་སྟབས། ད་ལྟ་ཆོས་རྩ་མེད་བཟོས་ན་འཚམས་པོ་མེད། ད་ལྟ་ང་ཚོས་དམར་པོའི་ཚོགས་མི་དང་། གཞོན་ནུ་བཅས་ལ་ཆོས་ཀྱི་ཤུགས་རྐྱེན་མ་ཐེབས་པ་བྱེད་རྒྱུ་དེ་གལ་ཆེན་པོ་རེད་ཅེས་བཤད་ཡོད་པ། དེའི་ཕྱིར་ཆོས་དད་རང་མོས་ཟེར་བ་དེ་ནི་གཡོ་རྫུན་སྒྱུ་ཐབས་ཤིག་ཡིན་པ་ར་འཕྲོད་པ་རེད། གྲོས་ཆོད་ནང་ཆོས་དད་རང་མོས་དང་། དགོན་པ་གྲྭ་ཚང་ལ་སྲུང་བརྩི་ཟེར་བ་དེ་ཚོ་ཚང་མ་བརྡལ་བཤིག་གཏོང་རྐྱང་བྱས་པ་རེད།
ཡང་གྲོས་ཆོད་ཀྱི་དོན་ཚན་བཅུ་གཅིག་པར། བོད་ཀྱི་ལམ་ལུགས་སྣ་ཚོགས་ལེགས་བཅོས་བྱེད་རྒྱུའི་སྐོར་ལ་ཀྲུང་དབྱང་ནས་བཙན་བཤེད་ཀྱི་མི་བྱེད་པར། བོད་ཀྱི་ས་གནས་སྲིད་གཞུང་རང་ནས་ལེགས་བཅོས་བྱེད་རྒྱུ་དང་། མི་དམངས་ནས་ལེགས་བཅོས་བྱེད་དགོས་ཞུ་དུས། བོད་ཀྱི་འགོ་བྱེད་རྣམས་ནས་གྲོས་བསྡུར་ཐབས་ཤེས་ལ་བརྟེན་ནས་ཐག་གཅོད་རྒྱུ། ཞེས་གསར་བར། སྤྱི་ལོ་ ༡༩༥༤ ལོ་བོད་ལྗོངས་ཆོས་སྲིད་གཉིས་ཀྱི་གནས་ཚུལ་གཞི་རྩར་བཟུང་སྟེ་རིམ་པས་དུས་བསྟུན་བཅོས་བསྒྱུར་གནང་རྒྱུའི་སྐོར་ལེགས་བཅོས་ལས་ཁུངས་འཛུགས་གནང་གིས། ལྷ་ཞོལ་གཉིས་ལ་རྩ་ཚིག་དང་། རྒྱ་ཁྱབ་རྫོང་གཞིས་ཚང་མར་བཀོད་རྒྱ་དོན་ཚན་ལྔ་འཁོད་གནང་སྟེ་ཕྱག་ལས་གནང་དང་གནང་མུས་རྒྱ་དམར་ལས་བྱེད་པ་ཚོས་རྟག་ཏུ་ལེགས་བཅོས་ལྷན་ཚོགས་ཀྱི་ཕྱག་ལས་ལམ་ལྷོངས་མི་འབྱུང་བའི་འགལ་རྐྱེན་རྣམ་མང་བྱས། བོད་ཤར་ཕྱོགས་ཁམས་དང་། ཨ་མདོ་ཁུལ་བཙན་དབང་གིས་བཅོས་བསྒྱུར་བྱས་རྐྱེན་མི་སེར་རྣམས་སྦྲང་མ་མེ་འོད་དུ་མ་ཆགས་པས་རི་དང་ནགས་གསེབ་ཏུ་བྲོས་ཡིབ་བྱས་པར། རྒྱ་དམར་ནས་དྲག་ཤུགས་བེད་སྤྱོད་བྱས་རྐྱེན་རྒན་བྱིས་ཕོ་མོ་ཁྱོན་ཆེ་དབུས་གཙང་ཕྱོགས་འབྱོར། སྐབས་དེའི་ཚེ་རྒྱ་གར་གཞུང་དང་། བྱང་ཆུབ་ཆེན་པོའི་ཆོས་ཚོགས་ནས། བདག་ཅིག་གི་སྟོན་པ་ཤཀྱའི་རྒྱལ་པོ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་འཁོར་བའི་དྲན་གསོའི་དུས་ཆེན་དུ་སྐྱབས་མགོན་ཏཱ་ལའི་བླ་མ་རིན་པོ་ཆེ་དང་། པཎ་ཆེན་ཨེར་ཏི་ནི་ཚོགས་མགོན་དུ་གདན་ཞུས་ཀྱིས་རྒྱ་གར་རྒྱལ་ས་ལྡི་ལིར་སྐུ་བཞུགས་གནང་མུས། འབྲི་ཆུ་ནུབ་བརྒྱུད་འཇོ་མདའ་ཁུལ་དུ་ཡང་བཅོས་བསྒྱུར་བྱེད་རྒྱུའི་རྩིས་ཀྱིས་མི་དྲག་མང་པོ་རྒྱ་དམར་གྱིས་བཟང་བཙོན་ལྟབུར་ཉར་བའི་ཛ་དྲག་གི་གནས་ཚུལ་འབྱོར་བ། སྐབས་དེར་རྒྱ་ནག་གི་སྲིད་འཛིན་ཀྲུའུ་ཨེན་ལེ་ཡང་ཡོད་པས་ཁོང་ལ་ཁམས་དང་། ཨ་མདོའི་ནང་དྲག་པོའི་བཙན་གནོན་འཕྲལ་དུ་མཚམས་འཇོག་ཐོག གྲོས་ཆོད་དོན་བཞིན། ས་ཞིང་བཅོས་བསྒྱུར་ཡང་མི་དམངས་ཀྱི་འདོད་པ་མེད་བཞིན་དུ་བཙན་དབང་བྱེད་རྒྱུ་མཚམས་འཇོག་དགོས་པའི་སྐོར་ལྡི་ལིར་བཀའ་མོལ་གནང་བར། རྒྱ་ནག་སྲིད་བློན་ནས་བད་ཅིང་ལ་ལན་བརྡ་བཏང་རྐྱེན། བད་ཅིང་ནས་མའོ་ཚལ་ཏུང་གིས་བཅོས་བསྒྱུར་ཐད་སྔ་འཕྲོས་ལོ་དྲུག་བར་འཐེན་རྒྱུ། དེ་ཡང་བོད་མིའི་བློ་དང་བསྟུན་དེ་ལོ་བཅུའམ། བཅོ་ལྔ་བར་འཐེན་རྒྱུ། ཡང་བོད་མིའི་བློར་མེད་ཚེ་བཅོས་བསྒྱུར་རྩ་བ་ནས་མ་བྱས་ཀྱང་ཆོག་རྒྱུ་ཞེས་ལྷ་སར་ཡོངས་ཁྱབ་ཐོག་གསལ་བསྒྲགས་བྱས་པའི་གནས་ཚུལ་འབུལ་མི་རྒྱ་གར་དུ་འབྱོར་བར་བརྟེན་སྐྱབས་མགོན་ཏཱ་ལའི་བླ་མ་རིན་པོ་ཆེ་ཡང་ཐུགས་བདེ་དང་བཅས་ལྷ་ལྡན་རྒྱལ་ཁབ་ཏུ་ཞབས་སོར་འཁོད་མཚམས་བདུན་ཕྲག་ཁ་ཤས་གོང་གི་ཁས་ལེན་བྱས་པ་རྣམས་ཁ་དན་ཚིག་གནད་མེད་པ་ནམ་མཁའི་འཇའ་ལྟར་ཡལ་ཏེ། སླར་ཡང་འབྲི་ཆུ་ཤར་ནུབ་ཀུན་ཏུ་བཅོས་བསྒྱུར་སྦིར་གྲགས་ཆེ་ཁར། དབུས་གཙང་ཁུལ་འབྱོར་བའི་ཁམས་དང་ཨ་མདོའི་མི་རིགས་རྣམས་ཀྱང་རང་རང་ཕ་ཡུལ་ལ་འཕྲལ་དུ་མ་ལོག་ན་འཇུས་ཏེ་གཏོང་རྒྱུའི་གསལ་བསྒྲགས་དང་། མིང་ཐོ་བླངས་པ་སོང་ཙང་། ཨ་འབྲུག་མགོན་པོ་བཀྲ་ཤིས་ཀྱི་འགོ་ཁྲིད་འོག་ཁམས་དང་། ཨ་མདོའི་མི་རིགས་གང་འཚམས་ཞིག་དྲག་ཆས་སྤྲས་ནས་ལྷོ་ཕྱོགས་གྲི་གུ་ཁུལ་ཐོན་ཏེ་དྭང་བླངས་བསྟན་སྲུང་དམག་སྒར་སྒྲིག་འཛུགས་བྱས། ཁམས་དང་ཨ་མདོའི་ནང་རྒྱ་དམག་གིས་དགོན་སྡེ་གཏོར་བརྒོལ་བྱེད་ཡག་དང་། ས་ཞིང་བཅོས་བསྒྱུར་མཚམས་འཇོགས་མ་བྱས་བར་རྒྱ་དམག་ལ་ངོ་བརྒོལ་བྱེད་རྒྱུའི་མཐའ་ཚིག་གསལ་བསྒྲགས་བྱས་པ་རེད།
གོང་དུ་ཇི་ལྟར་བརྗོད་པ་བཞིན། རྒྱ་དམར་རང་གིས་བཙན་ཤེད་ཀྱིས་བཞག་བཅུག་པའི་གྲོས་ཆོད་ཅེས་པ་དོན་ཚན་བཅུ་བདུན་པ་ཡང་རྒྱ་དམར་རང་ཉིད་ཀྱིས་སྔ་རྗེས་བརྡལ་བཤིག་བཏང་བས་མ་ཚད། ཉེ་སྔོན་མའོ་ཚལ་ཏུ་གིས་བཅོས་བསྒྱུར་འཐེན་རྒྱུའི་ཁས་ལེན་བྱས་པར་ཁ་དན་ཚིག་གནད་མེད་པ་སོགས་ཀྱིས་བོད་མི་མཆོག་དམན་བར་གསུམ་རྒྱ་དམར་ལ་སྙིང་ནས་མི་དགའ་བའི་རྣམ་འགྱུར་ཇེ་སྡུག་ཇེ་ཞན་དུ་གྱུར་ཏེ་ཚ་གས་ཐེབས་ཉེར་ཡོད་པའི་མུར། འཕྲལ་སྒང་གི་རྐྱེན་ནི། སྤྱི་ལོ་ ༡༩༥༩ ཟླ་ ༣ ཚེས་༡༠ ཉིན། ༧གོང་ས་མཆོག་རྒྱ་མིའི་དམག་སྒར་ནང་ཟློས་གར་གཟིགས་མོར་ལུགས་མཐུན་མེད་པའི་གདན་ཞུས་བྱས་པར། རྒྱ་མིས་བསམ་ངན་ཇི་བྱེད་བློས་ཀྱིས་མ་འཁྱུད་པས། བོད་མི་སེར་སྐྱ་མི་དམངས་ཁྲི་ཕྲག་མང་པོ་ནོར་གླིང་ཕོ་བྲང་གི་གཟིམ་སྒོའི་འགག་ཏུ་འཛོམས་ཏེ་གཟིག་མོར་ཆིབས་བསྒྱུར་ཕེབས་བཀག་ཞུས་པ་དང་། ཆབས་ཅིག་བོད་ལྗོངས་རྒྱ་མིའི་དབང་བསྒྱུར་འོག་སྡོད་ཐབས་མེད་པས་རང་བཙན་སྒེར་ལངས་བྱས་ཏེ་ཉི་མ་ད་ཉིན་ནས་བཟུང་གྲོས་ཆོད་དོན་ཚན་བཅུ་བདུན་ཞེས་པ་ཁས་ལེན་བྱེད་རྒྱུ་མིན་ཞེས་བརྗོད་དེ་རྔམ་སྟོན་ཁྲོམས་སྐོར་ཡང་བྱས་པ་རེད།
སྐབས་དེར་རྒྱ་དམག་གིས་ཕོ་བྲང་ཡས་མས་སུ་མེ་སྒྱོགས་ཀྱིས་གཏོར་བརྒོལ་བྱེད་རྒྱུའི་ཚད་ལེན་དང་། དམག་གྲ་བསྒྲིགས་པ་བཅས་ལ་བརྟེན་༧གོང་ས་མཆོག་སྟོན་འཁོར་ཉུང་ཤས་གསང་ཐབས་ཀྱིས་རྒྱ་གར་ཕྱོགས་སུ་བཙན་བྱོལ་དུ་ཆིབས་བསྒྱུར་མ་གནང་མཐུ་མེད་བྱུང་བའི་ལམ་ཞོར་དུ། གཡུལ་རྒྱལ་ལྷུན་རྩེར་བོད་ལྗོངས་རྒྱ་མིའི་བཙན་དབང་ནས་རང་བཙན་སྒེར་ལངས་བྱས་པ་དེ་ནས་བཟུང་༧གོང་ས་མཆོག་གཞིས་བྱེས་ས་ཕྱོགས་གང་དུ་བཞུགས་ཀྱང་བོད་གཞུང་དགའ་ལྡན་ཕོ་བྲང་ངོས་འཛིན་དགོས་པའི་བོད་ལྗོངས་རྒྱ་ཁྱབ་ཡོངས་ལ་གསལ་བསྒྲགས་གནང་བ་དང་ཕྱོགས་མཐུན་ཕྱག་ལས་གནང་བཞིན་པ་རེད།
ཉེ་བའི་ཆར། སྤྱི་ལོ་ ༡༩༨༨ ཟླ་བ་བརྒྱད་པའི་ཤེས་བྱའི་གསར་ཤོག་ནང་། ལྷ་ས་ནས་གཞིས་ལུས་རྒྱལ་གཅེས་ཚོགས་པས། བོད་ལ་རྒྱབ་སྐྱོར་མཛད་མཁན་རྒྱལ་ཁབ་ཁག་དང་ཚོགས་པ་ཁག སྙན་གྲགས་ཅན་གྱི་མཁས་པ། མི་དམངས་མང་ཚོགས་བཅས་པར་རེ་འབོད་ཀྱི་ཞུ་ཡིག་རིང་པོ་ཞིག་བཏང་བའི་སྙིང་པོར་ཡང་། བཙན་རྒྱལ་རིང་ལུགས་དང་། བཙན་གནོན་མྱོང་མཁན་གཉིས་དབར་ཞི་འཇམ་འགྲིག་ཐབས་རྩ་བ་ནས་མེད་པས། རྒྱ་མིས་བོད་རང་སྐྱོང་ཟེར་བའམ། ཡང་ན། དེ་ལས་ལྷག་པའི་མིང་འདོགས་སྣ་ཚོགས་ཀྱིས་གང་ལྟར་བོད་འདི་རྒྱ་མིས་མགོ་བསྐོར་བའི་ལམ་ཇི་འདྲ་ཞིག་ལའང་འགྲོ་ཐབས་མེད་པ་ནི། བོད་མི་ས་ཡ་དྲུག་གི་ཆོད་སེམས་ཡིན། ང་ཚོ་བོད་མིར་དགོས་པ་ནི་དེ་སྔ་ཆོས་རྒྱལ་རིམ་པའི་སྐབས་ཀྱི་བོད་རྒྱལ་ཁབ་དང་། ལྷག་པར་༧གོང་ས་སྐྱབས་མགོན་སྐུ་ཕྲེང་རིམ་པའི་སྐབས་ཀྱི་བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་ཞེས་ཡོངས་སུ་གྲགས་པ་དེ་རང་ལས། རྒྱ་བོད་མཉམ་གཤིབ་བྱེད་པའི་སྲིད་བྱུས་ག་འདྲ་ཞིག་རྩ་བ་ནས་དགོས་པ་མེད་པས་དེ་དོན་རྒྱལ་སྤྱིའི་ནང་བདེན་དོན་ལ་མགོན་སྐྱབས་མཛད་མཁན་རྣམས་པས་རྒྱབ་སྐྱོར་རོགས་རམ་སྔར་བཞིན་སྐྱབས་འཇུག་ཡོད་པ་མ་གཏོགས། མེ་སྤུ་མཉམ་བསྲེས་མི་ཡོང་བའི་སྐྱབས་འཇུག་མཁྱེན། ཞེས་རྒྱ་དམར་དྲག་པོའི་བཙན་འོག་ཏུ་གནས་བཞིན་པའི་གཞིས་བཞུགས་རྣམས་ནས་སེམས་ཤུགས་ཆེན་པོས་འབོད་སྐུལ་དེ་ཙམ་ཡོད་བཞིན་དུ། ད་ཆ་ཕྱིས་འབྱུང་རྒྱ་ནག་དང་། གྲོས་ཆོད་ག་འདྲ་ཞིག་བཞག་ནའང་། དེ་ལ་སུས་ཡིད་ཆེས་བྱེད་ནུས། སྔར་བཞག་པའི་གྲོས་ཆོད་ཁག་གཏིང་མི་མཚུངས་པ་ཞིག་ཡིན་ལ། སླར་གྲོས་ཆོད་བཞག་ན་ཁ་གཏིང་མཚུངས་པ་ཞིག་ཡིན་པ་སུས་ཐག་གཅོད་ཐུབ། དོན་སྙིང་རྒྱ་དམར་གྱི་ཡི་གེ་བྲིས་ཚད་དང་། སྐད་ཆ་བཤད་ཚད་ཚང་མ་སྐྱག་རྫུན་ཁོ་ན་རེད། དཔེར་ན། རྒྱ་རིགས་ཡ་ཧན་ཀྲང་གིས་བརྩམས་པ་ཏཱ་ལའི་བླ་མའི་རྣམ་ཐར་ཟེར་བ་འདིའི་འགོ་ནས་འཇུག་པར་འཁྱོག་བཤད་དང་། ཧམ་པ་ཁོ་ན་ལས་བདེན་འཛིན་བྱེད་ས་སྣེ་གཅིག་མེད། རྒྱ་མིའི་ལས་ཀ་ཚང་མ་འདི་ལྟབུ་ཡིན་གཤིས་ཚང་མས་ངེས་པར་མཁྱེན་པ་གནང་དགོས།
ཅི་སྟེ་ངེས་མེད་བོད་རྒྱ་བཀའ་མོལ་གནང་བའི་དུས་སྐབས་བྱུང་ཚེ། དེ་སྔོན་༧རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་རྡོ་གླིང་ནས་མན་ཇུ་གོང་མར་རྩལ་བའི་སྦུག་ཐམ་བཀའ་ཡིག་གི་སྙིང་པོར། བོད་ཀྱི་འབྱུང་རྩ་གང་ས་ནས་ཕྱིན་ཆད་སྔར་ལུགས་ཡོང་རེ་བྲལ་བས། སླད་ཕྱིན་ཕྱི་རྒྱལ་བར་བཞུགས་མེད་པར་རྒྱ་བོད་ཐད་ཀར་བཀའ་མོལ་གནང་རྒྱུ་མིན་པ་ཚིགས་ཀྱི་བདག་པོས་ཚིགས་སུ་བཅད་དེ་བཀའ་གནང་བཞིན། སྤྱི་ལོ་ ༡༩༡༢ ཟླ་བ་ ༩ ནང་ལྷ་སར་མན་ཇུའི་ཨམ་བན་ལན་ཡུ་དང་། དམག་སྤྱི་ཇུང་ཡུན། ལས་བྱེད་དམག་བྱིངས་བཅས་བོད་གཞུང་ལ་མགོ་སྒུར་ཞུས་ཏེ་གོ་ལག་རྩིས་འབུལ་ཞུ་སྐབས། བལ་ཡུལ་གཞུང་གི་སྐུ་ཚབ་མེ་འཇར། ཀེབ་ཀྲན། ཇི་ཌ་བཱ་ཐུར། ཕྱེ་ཐི་རི་དང་། ལས་རོགས་སུ་སྤོ་ནན། ལལ་བཱ་ཐུར། ཕྱེ་ཐི་རི་བཅས་ཡོད་པ་རེད། རྗེས་སུ་སིམ་ལར་རྒྱ་བོད་དབྱིན་གསུམ་དབང་ཚད་འདྲ་མཉམ་ཐོག་ཆིངས་མོལ་དང་། དེ་རྗེས་ཆབ་མདོ་དང་། རོང་པ་ཚར་རྒྱ་བོད་དམག་འཁྲུག་མཚམས་འཇོག་སྐབས་ཀྱང་། དབྱིན་གཞུང་སྐུ་ཚབ་ཨེ་རིག་ཀྲེ་ཅེ་མན་བར་བཞུགས་ཀྱིས་གནང་བ་སོགས་སྔ་མའི་ཡིག་ལམ་མང་པོ་ཡོད་པ་དང་། སྐབས་རེ་དགོས་པའི་དབང་གིས་ཐད་ཀར་བཀའ་མོལ་གནང་བ་ཁ་ཤས་བྱུང་ཡོད་ཀྱང་། རྒྱ་བོད་མཆོད་ཡོན་གྱི་འབྲེལ་བ་ལས་རྒྱལ་ཁབ་གཅིག་གི་འོག་ལ་གཅིག་མེད་པའི་གསལ་བཤད་ཡང་དག་པ་གནང་ཡོད་པ་རེད། རྒྱ་དམར་གྱིས་བོད་ནི་རྒྱ་ནག་གི་ཆ་ཤས་ཁ་བྲལ་ཐབས་མེད་པ་ཞིག་ཡིན་ཚུལ་བཤད་པ་དེ་དག་ཧམ་པ་དང་། དཔུང་ཤེད་ཁོ་ནས་བཟོས་པ་ཞིག་ལས། བདེན་པའི་སྒྲུབ་བྱེད་དང་། དཔང་རྟགས་རྡུལ་ཙམ་ཡོད་པ་མ་རེད། དེ་གཡོ་རྫུ་ཡིན་པ་ར་སྤྲོད་བྱས་དང་བྱེད་བཞིན་པ་ཡིན། བོད་ཀྱི་ས་ཁམས་གནས་སྟངས་དང་མི་རིགས་ཀྱི་འབྱུང་རྩ། རིག་གཞུང་། སྐད་ཡིག ཆ་ལུགས། ཆོས་ལུགས། ཟ་སྟངས། འགྲོ་སྟངས། རྒྱལ་རབས་ལོ་རྒྱུས། ཉེ་འབྲེལ་རྒྱལ་ཁབ་མང་པོ་འདྲ་མཉམ་གྱིས་ཆིངས་ཡིག་བརྒྱབ་པ་སོགས་ཁྲིམས་ཐོག་གི་གནས་སྟངས་གང་འདྲ་གཅིག་ནས་རྒྱ་ནག་གི་ཆ་ཤས་རྩ་བ་ནས་མིན་པའི་དག་སྐྱེལ་ནི་རྒྱལ་སྤྱིའི་བདེན་དཔང་གི་མདུན་དུ་མགྲིན་པ་གཟིངས་སུ་བཏེགས་ཏེ་བཤད་རྒྱུ་ཡོད་པས། རང་རིགས་སྤུན་ཟླ་ཐུགས་བདེ་བག་ཕེབས་སུ་བཞུགས་ཆོག་པ་ཡིན།
ང་ཚོས་རྒྱ་མིའི་ས་ཆ་སྤར་མཐིལ་རྩམ་ཞིག་དགོས་ཟེར་གྱི་མེད། བོད་ཡུལ་བོད་པ་རང་ལ་དགོས་ཟེར་གྱི་ཡོད་པ་རེད། བོད་རང་དབང་རང་བཙན་གྱི་ལུང་པར་ཐོབ་ཐང་རྩ་བ་ནས་མེད་པའི་རྒྱའི་མི་རིགས་ཀྱིས་དྲག་པོའི་བཙན་འཛུལ་བྱས་པ་དེ་ལ་མཐའ་གཅིག་ཏུ་ངོ་བརྒོལ་བྱེད་ཀྱི་ཡོད་པ་རེད། ང་ཚོའི་འཐབ་རྩོད་འདི་དྲང་བདེན་དང་རྒྱུ་མཚན་དང་ལྡན་པའི་ཞིག་ཡིན་པས། ཇི་སྲིད་རྒྱ་མིའི་ཞི་དྲག་གི་མི་རིགས་གཅིག་ཀྱང་མ་ལུས་པ་བོད་ནས་རྒྱ་ནག་ཏུ་ཕྱིར་ལོག་གཙང་མ་མ་བྱས་པ་དེ་སྲིད་དུ་ང་ཚོས་རང་གི་ལུང་པ་དང་། བསྟན་པ་དང་ཆབ་སྲིད། མི་རབས་ནས་མི་རབས་རྒྱུད་བཅས་ཀྱི་དོན་ལ་སེམས་ཐག་རྦད་བཅད་ཀྱི་ཐོག་ནས། བོད་ལྗོངས་ཆོལ་ཁ་གསུམ་གྱི་གཞིས་བྱེས་སྤུན་ཟླ་རྣམས་ལག་གདང་མ་ཞིག་པ་བྱས་ཏེ། ༧སྐྱབས་མགོན་ཏཱ་ལའི་བླ་མ་རིན་པོ་ཆེའི་དབུ་ཁྲིད་ཀྱི་འོག་རྒྱ་དམར་ལ་ངོ་བརྒོལ་མཐའ་འཁྱོངས་བྱས་ཏེ་བོད་ལྗོངས་གསར་པ་ཞིག་འཛུགས་བསྐྲུན་བྱེད་ཐུབ་ཐབས་ཚང་མས་དམ་ཚིག་རྡོག་རྩ་ཆིག་བསྒྲིལ་དང་། སེམས་ཤུགས་ཆེ་སྐྱེད་ཡོད་པ་ཞུ།
བོད་དོན་ལ་རྣམ་པ་ཀུན་ཏུ་རྒྱབ་སྐྱོར་གནང་མཁན་ཨ་མི་རི་ཀའི་གྲོས་ཚོགས་གོང་འོག་གི་འཐུས་མི་རྣམས་དང་། ཨ་རི་པ་དང་། བོད་རིགས་མཐུན་སྒྲིལ་ཚོགས་པ། དེ་བཞིན་ཨ་རི། ཁེ་ན་ཌ། འཇར་མན། ཨེང་ལན་ཌི། ཧྥ་རན་སི། སུད་སི། ནོར་ཝའི། ཨི་ཊ་ལི། ཉི་འོང་། རྒྱ་གར། བལ་ཡུལ་སོགས་སུ་བཞུགས་པའི་མཁས་པ་དང་རྩོམ་བྲིས་མཁན་གསར་ཤོག་པ། བོད་ནང་གཟིགས་བསྐོར་དུ་ཕེབས་ཏེ་བོད་མིའི་གནས་ཚུལ་དངོས་ཡོད་སྤྱན་གྱིས་གཟིགས་ཏེ་བདེན་པའི་རྒྱབ་སྐྱོར་གནང་མཁན་ཚོར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་དང་། ད་དུང་མུ་མཐུད་བདེན་པའི་རྒྱབ་སྐྱོར་གནང་རོགས་གནང་ཞུ་རྒྱུ།
ཞེས་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་འབོད་སྐུལ་ཞུ་བ་པོ། བོད་ཀྱི་རིག་གཞུང་སྨྲ་བའི་གྲལ་དུ་ཚུད་པ་མཐོ་རིམ་སློབ་དགེ་ (PROF) ཡོན་ཏན་རྒྱ་མཚོ་དང་། བོད་ཀྱི་རྒྱལ་རབས་ལོ་རྒྱུས་སྨྲ་བ་ལ་སྤོབས་པ་ཅུང་ཟད་དགེ་བ་ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་ཐུན་མོང་ནས་ལག་སོར་འདབ་མ་སྤྱི་བོར་བཀོད་པའི་གུས་གུས་བཏུད་བཅས་ཞུ་བ་ལགས་སོ།། །།
བོད་རྒྱལ་ཡོངས་རྣམ་པ་ཀུན་ཏུ་རྒྱལ་གྱུར་ཅིག། །། སྤྱི་ལོ་ ༡༩༨༨ ཟླ་ ༡༢ ཚེས་ ༢༢
མཆན། གནམ་འོག་གི་གསར་འགྱུར་ཚན་པའི་བརྙན་འཕྲིན་ལས་རིམ་ཨང་ ༡༦༧ པའི་ནང་ལ། ཡིག་ཆ་འདིའི་ནང་དོན་དང་འབྲེལ་ནས། དབྱིན་ཡིག་ནང་བོད་དོན་རྩོམ་པ་པོ་མཁས་དབང་འཇམ་དབྱངས་ནོར་བུ་མཆོག་དང་། ཨ་བོད་མཛའ་འབྲེལ་ཚོགས་པའི་སྤྱི་ཁྱབ་ཚོགས་གཙོ་རྒན་བསོད་ནམས་དབང་འདུས་ལྷན་རྒྱས་དང་དྲི་བ་དྲི་ལན་གྱི་ལས་རིམ་ཞིག་ཀྱང་ཟུར་དུ་གསན་གཟིགས་གནང་རྒྱུ་ཡོད། You Tube ཁ་བྱང་། ( Part 167 གནམ་འོག་གི་གསར་འགྱུར། )