དབུ་མའི་ལམ་གྱི་སྲིད་བྱུས་དང་འབྲེལ་བའི་གལ་ཆེའི་ལོ་ཚིགས་ཁག
ཐེངས་ 9850 བཀླགས་འདུག
ཕྱི་ལོ་ ༡༩༤༩ ལོར། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ཤིང་། མི་དམངས་བཅིང་འགྲོལ་དམག་གིས་བོད་ནང་བཙན་འཛུལ་དང་བཙན་བཟུང་བྱེད་འགོ་ཚུགས།
ཕྱི་ལོ་ ༡༩༥༡ དང་། ཕྱི་ལོ་ ༡༩༥༩ ། ༡༩༥༡ ལོར་རྒྱ་ནག་གཞུང་གིས་བོད་མིར་བཙན་དབང་གི་སྒོ་ནས་གྲོས་མཐུན་དོན་ཚན་བཅུ་བདུན་ལ་མིང་རྟགས་འགོད་དུ་བཅུག་པ་དང་། ལོ་དགུའི་རིང་མཉམ་གནས་ཡོང་ཐབས་བྱས་ཀྱང་རྒྱ་ཕྱོགས་ནས་གྲོས་མཐུན་གྱི་དོན་ཚན་ཁག་བསམ་བཞིན་རྩིས་མེད་རྡོག་རོལ་བཏང་།
ཕྱི་ལོ་ ༡༩༥༩ ། ཆིག་སྟོང་དགུ་བརྒྱ་ལྔ་བཅུ་ང་གྲངས་ནས་བོད་ཀྱི་ས་ཁུལ་མང་པོར་བཙན་རྒོལ་གྱི་ལས་འགུལ་རིམ་པ་བྱུང་ཞིང་། མཐར་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་ཞི་བའི་གྱེན་ལངས་བྱུང་། དེ་དག་ལ་རྒྱ་དམག་གིས་དྲག་གནོན་ཚབས་ཆེན་བྱས་རྐྱེན་ཟླ་བ་བདུན་གྱི་ནང་བོད་མི་བརྒྱད་ཁྲི་བདུན་སྟོང་ཙམ་དམར་བསད་བཏང་། དེ་བཞིན་བོད་མི་ཁྲི་བརྒྱད་ཙམ་༸གོང་ས་༸སྐྱབས་མགོན་ཆེན་པོའི་༸ཞབས་རྗེས་སུ་འབྲང་ནས་རྒྱ་བལ་འབྲུག་གསུམ་ནང་བཙན་བྱོལ་བྱ་དགོས་བྱུང་།
ཕྱི་ལོ་ ༡༩༥༩ ། ཕྱི་ལོ་ ༡༩༧༤ ། རྒྱ་གར་གཞུང་མང་གཉིས་ཀྱི་མཐུན་འགྱུར་རོགས་རམ་ལ་བརྟེན་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐོག་མར་མ་སུ་རི་དང་། དེ་རྗེས་དྷ་རམ་ས་ལར་སྐུའི་བཞུགས་སྒར་མཛད་དེ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་བཙུགས་གནང་མཛད་ཅིང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་ལམ་སྟོན་འོག་བཙན་བྱོལ་བོད་མི་ཚོས་འཛམ་གླིང་གང་སར་བཙན་བྱོལ་བོད་མིའི་སྤྱི་ཚོགས་སྲ་བརྟན་ཡུན་གནས་ཡོང་ཐབས་ཀྱི་འབད་རྩོལ་གཙོ་འདོན་གནང་། དུས་ཡུན་དེ་དག་གི་རིང་མཉམ་འབྲེལ་རྒྱལ་ཚོགས་ནང་ཕྱི་ལོ་ ༡༩༥༩ དང་ ༡༩༦༡ དེ་བཞིན་ ༡༩༦༥ བཅས་སོ་སོར་བོད་དོན་སྐོར་གྲོས་ཆོད་འཇོག་ཐུབ་པ་བྱུང་།
ཕྱི་ལོ་ ༡༩༧༤ ། བཙན་བྱོལ་དུ་འབྱོར་ནས་ལོ་བཅོ་ལྔ་རྗེས་བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང་། ཁྱད་པར་བོད་མིའི་དཀའ་སྡུག་གང་མྱུར་སེལ་ཐབས་བཅས་ལ་དགོངས་ཏེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་དེའི་བཀའ་ཤག་དང་། སྤྱི་འཐུས་ཚོགས་གཙོ་བགྲེས་གཞོན། གཞན་ཡང་མི་མང་གི་སྐུ་ཚབ་དང་མཁས་མྱོང་ཅན་ཁག་དང་གྲོས་བསྡུར་རིམ་པ་གནང་རྗེས་ཕྱོགས་གཉིས་ཀ་ལ་ཁེ་ཕན་ཡོད་པའི་དབུ་མའི་ལམ་གྱི་སྲིད་བྱུས་ཤིག་བཟུང་རྒྱུའི་ནང་དོན་གཏན་འཁེལ་བྱུང་ཞིང་། རང་བཙན་བསྐྱར་གསོའི་ཚབ་ཏུ་རང་སྐྱོང་འཐོབ་ཐབས་བྱ་རྒྱུའི་སྲིད་བྱུས་བཟུང་བ་འདི་ལ་རྗེས་སུ་དབུ་མའི་ལམ་གྱི་སྲིད་བྱུས་ཞེས་གྲགས།
ཕྱི་ལོ་ ༡༩༧༩ ། རྒྱ་ནག་གི་གཙོ་འཛིན་ཏེང་ཞའོ་ཕིང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བོད་རང་བཙན་མ་གཏོགས་གནད་དོན་གཞན་ཚང་མ་གྲོས་མོལ་བརྒྱུད་ཐག་གཅོད་བྱེད་ཆོག་ཚུལ་གྱི་གྲོས་འགོ་བཏོན་སྐབས། སྔོན་ཚུད་ནས་དབུ་མའི་ལམ་གྱི་སྲིད་བྱུས་གཏན་འཁེལ་ཡོད་སྟབས་བཀའ་ལན་གནང་ཆོག་བྱུང་བ་མ་ཟད། ཕན་ཚུན་དབར་ཐད་ཀའི་འབྲེལ་ལམ་འཛུགས་ཐུབ་པ་བྱུང་།
ཕྱི་ལོ་ ༡༩༧༩ ། ༡༩༨༥ ། བོད་ནང་གི་དངོས་ཡོད་གནས་སྟངས་རྟོག་ཞིབ་ཆེད་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་ཚབ་ལྟ་སྐོར་ཚོགས་ཆུང་སྔ་རྗེས་ཐེངས་བཞི་ཕྱི་ལོ་ ༡༩༧༩ ཟླ་ ༨ དང་། ཕྱི་ལོ་ ༡༩༨༠ ཟླ་ ༥ ཕྱི་ལོ་ ༡༩༨༠ ཟླ་ ༦ ཕྱི་ལོ་ ༡༩༨༥ ཟླ་ ༦ བཅས་སོ་སོའི་ནང་ཆེད་གཏོང་གནང་བར། གཞིས་བཞུགས་བོད་མི་ཚོས་སེམས་ཚོར་ཆེན་པོའི་སྒོ་ནས་ཡིད་ཆེས་གུས་བཀུར་ཚད་མེད་ཞུས། སྐུ་ཚབ་ཚོགས་ཆུང་རྣམས་དབུས་གཙང་ནང་ལྷ་ས་དང་། གཞིས་ཀ་རྩེ། ལྷོ་ཁ། ཀོང་པོ་ཉིང་ཁྲི། ས་སྐྱ། ལྷུན་རྩེ། མཚོ་སྣ། རྩེ་ཐང་། རྒྱལ་རྩེ། ཆོས་འཁོར་རྒྱལ། གསང་སྔགས་ཆོས་གླིང་། ཡར་འབྲོག་སྣང་དཀར་རྩེ་སོགས་དང་། མདོ་སྨད་ནང་ཀན་ལྷོ། ཟི་ལིང་། འགོ་ལོག རྨ་ལྷོ། རྔ་པ། མཛོད་དགེ་སོགས། མདོ་སྟོད་ནང་ནག་ཆུ། ཆབ་མདོ། སྡེ་དགེ དཀར་མཛེས། ཉག་རོང་། རྒྱལ་ཐང་། རྨར་ཁམས་བཅས་སོགས་ནང་ལྟ་སྐོར་ལ་ཕེབས་ཡོད། དེ་མཚུངས་ཕྱི་ལོ་ ༡༩༨༢ དང་ ༡༩༨༤ ལོར་པེ་ཅིང་དུ་གྲོས་མོལ་རྟོག་ཞིབ་ཚོགས་ཆུང་ཐེངས་གཉིས་ཆེད་གཏོང་གནང་། དེ་རྗེས་རྒྱ་ཕྱོགས་ནས་སྐུ་ཚབ་ལྟ་སྐོར་ཚོགས་ཆུང་ཕེབས་རྒྱུར་ངོས་ལེན་མ་བྱས།
ཕྱི་ལོ་ ༡༩༨༧ ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་གྲོས་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་ཚོགས་ཆུང་ཐོག་ཞི་བའི་དོན་ཚན་ལྔ་གསལ་བསྒྲགས་དང་འབྲེལ། དབུ་མའི་ལམ་གྱི་སྲིད་བྱུས་ལ་བརྟེན་ནས་རྒྱ་ནག་གཞུང་དང་མཉམ་གང་མྱུར་གྲོས་མོལ་འགོ་འཛུགས་དགོས་པའི་གྲོས་འགོ་བཏོན་གནང་མཛད།
ཕྱི་ལོ་ ༡༩༨༧ ། ༡༩༨༩ ། ཕྱི་ལོ་ ༡༩༨༧ ནང་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་ཚོས་གཞི་རྒྱ་ཆེ་བའི་ངོ་རྒོལ་སྐད་འབོད་བྱས་པར་རྒྱ་ནག་གཞུང་གིས་དྲག་གནོན་ཚབས་ཆེ་བྱས་རྐྱེན། བོད་མི་མང་པོ་འཛིན་བཟུང་དང་དམ་བསྒྲགས་ཤུགས་ཆེ་བྱས་པ་མ་ཟད། ཕྱི་ལོ་ ༡༩༨༩ ཟླ་ ༣ ནང་ལྷ་སར་དྲག་པོའི་ཁྲིམས་གཞི་བསྡམས།
ཕྱི་ལོ་ ༡༩༨༨ ། བོད་ནང་ངོ་རྒོལ་སྐད་འབོད་ཀྱི་ཟིང་ཆ་ཡོད་བཞིན་པའི་སྐབས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཞི་བའི་དོན་ཚན་ལྔའི་ནང་དོན་རྒྱས་བཤད་ཀྱི་ཚུལ་དུ་སི་ཏྲས་སྦག་གྲོས་འཆར་གསལ་བསྒྲགས་བསྐྱངས། རྒྱ་ཕྱོགས་ནས་དང་ཐོག་གྲོས་མོལ་བྱ་རྒྱུའི་ས་གནས་དང་ཚེས་གྲངས་༸གོང་ས་མཆོག་གི ཐུགས་འདོད་བཞིན་ཐག་གཅོད་གནང་འཐུས་ཞེས་བཟང་ཕྱོགས་ཀྱི་རྣམ་འགྱུར་བསྟན་པ་ལྟར་གྲོས་མོལ་གནང་མཁན་ཚོགས་ཆུང་མི་འགྲོ་དྲུག་གསལ་བསྒྲགས་གནང་ཡང་། རྗེས་སུ་རྒྱ་ཕྱོགས་ནས་མུ་མཐུད་སྲིད་བྱུས་མཁྲེགས་འཛིན་གྱིས་སི་ཏྲས་སྦག་གི་གྲོས་འཆར་གྲོས་གཞིར་ཡོང་ཐབས་མེད་པར་བཤད།
ཕྱི་ལོ་ ༡༩༨༩ ལོར། ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོས་འཚེ་མེད་ཞི་བ་དང་། གཉིས་ཕན་གྱི་ལམ་ནས་བོད་དོན་དཀའ་རྙོག་སེལ་ཐབས་གནང་བའི་མཛད་རྗེས་ལ་དམིགས་བསལ་གཟེངས་བསྟོད་དང་འབྲེལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད།
ཕྱི་ལོ་ ༡༩༩༡ དང་༡༩༩༢ ། རྒྱ་ཕྱོགས་ནས་བཟང་ཕྱོགས་ཀྱི་ཡ་ལན་མ་བྱུང་བའི་དབང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སི་ཏྲས་སྦག་གི་གྲོས་འཆར་རང་བཞིན་ནུས་མེད་དུ་གྱུར་པའི་གསལ་བསྒྲགས་བསྐྱངས། ཕྱི་ལོ་ ༡༩༩༣ ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འབད་རྩོལ་རིམ་པ་གནང་བར་བཟང་ཕྱོགས་ཀྱི་ཡ་ལན་མ་བྱུང་བ་མ་ཟད། ལོ་བཅུ་བཞིའི་རིང་བྱུང་བའི་ཕན་ཚུན་དབར་གྱི་གཞུང་འབྲེལ་གྱི་འབྲེལ་ལམ་ཡོངས་སུ་ཆད། དེའི་ལོ་རྗེས་མ་ཕྱི་ལོ་ ༡༩༩༤ ལོར་རྒྱ་ནག་གཞུང་གིས་བོད་ཀྱི་ལས་དོན་ཚོགས་འདུ་ཐེངས་གསུམ་པའི་སྐབས་བོད་ནང་སྔར་ལྷག་མཁྲེགས་འཛིན་ཆེ་བའི་སྲིད་བྱུས་ལག་བསྟར་བྱེད་འགོ་ཚུགས་ཤིང་། ཚོགས་འདུ་སྔ་མའི་སྐབས་ཀྱི་ཅུང་ཟད་གུ་ཡངས་ཅན་གྱི་སྲིད་བྱུས་རྣམས་བསྒྱུར་བཅོས་བཏང་། ཕྱི་ལོ་ ༡༩༩༤ ། ༸གོང་ས་མཆོག་གིས་མ་འོངས་པའི་བོད་ཀྱི་ཆབ་སྲིད་ལམ་ཕྱོགས་གང་འདྲ་ཞིག་ཏུ་འགྲོ་རྒྱུའི་སྐོར་མང་མོས་ཐག་གཅོད་འོས་བསྡུ་གནང་རྒྱུའི་ལམ་སྟོན་གནང་།
ཕྱི་ལོ་ ༡༩༩༧ ། མང་ཚོགས་ཀྱི་བསམ་ཚུལ་ནང་མང་མོས་ཐག་གཅོད་འོས་བསྡུ་མ་དགོས་པར་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་འཛིན་ནམ། ༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་འགྱུར་འགྲོས་དང་བསྟུན་ཏེ་ཐག་གཅོད་གནང་སྐྱོང་ཡོང་བའི་གསོལ་འདེབས་ཞུ་དགོས་གསལ་བ་ལྟར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༡༩༩༧ ཟླ་ ༩ ཚེས་ ༡༨ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོས་རྒྱལ་སྤྱི་དང་རྒྱལ་ནང་གི་གནས་བབ་ལ་གཟིགས་ཏེ་དུས་ནས་དུས་སུ་ཐག་གཅོད་མཛད་གནང་ཡོང་བ་དང་། ཐག་གཅོད་གང་གནང་ལ་མང་མོས་ཐག་གཅོད་འོས་བསྡུའི་ལམ་ནས་ཐག་གཅོད་གནང་བ་དང་གཅིག་གྱུར་བརྩི་རྒྱུ་ཡིན་པའི་སྤྱི་མོས་གྲོས་ཆོད་གཏན་འབེབས་གནང་།
ཕྱི་ལོ་ ༡༩༩༨ ། མང་ཚོགས་ཀྱི་མང་མོས་དང་སྤྱི་ལྷན་གྱིས་སྤྱི་མོས་ཀྱི་ཐོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གསོལ་འདེབས་ཞུས་དོན་ལ་༸གོང་ས་༸སྐྱབས་མགོན་ཆེན་པོས་ལོ་དེའི་གསུམ་དུས་གསུང་འཕྲིན་ནང་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་སྐྱོང་གནང་རྒྱུའི་གསལ་བསྒྲགས་མཛད།
ཕྱི་ལོ་ ༢༠༠༡ ། ༸གོང་ས་༸སྐྱབས་མགོན་ཆེན་པོས་ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་འདུ་རྒྱས་འཛོམས་ཐོག་གསུང་བཤད་གནང་བ་དང་། འབྲེལ་མོལ་བསྐྱར་མཐུད་ཡོང་ཐབས་ཀྱི་འབོད་སྐུལ་གནང་། 
ཕྱི་ལོ་ ༢༠༠༢ ། རྒྱ་ནག་གཞུང་དང་མཉམ་ཐད་ཀའི་འབྲེལ་ལམ་བསྐྱར་གསོ་བྱུང་ཞིང་། ༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་ཚབ་དང་རྒྱ་ནག་གཞུང་གི་སྐུ་ཚབ་དབར་འབྲེལ་མོལ་ཐེངས་དགུ་དང་ནང་ལུགས་གྲོས་བསྡུར་ཐེངས་གཅིག་བཅས་བྱུང་། དེ་ཡང་ཕྱི་ལོ་ ༢༠༠༢ ཟླ་ ༩ པའི་ནང་པེ་ཅིང་དུ་འབྲེལ་ཐེངས་དང་པོ་དང་། ཕྱི་ལོ་ ༢༠༠༣ ཟླ་ ༥ དང་ ༦ པའི་ནང་པེ་ཅིང་དུ་འབྲེལ་མོལ་ཐེངས་གཉིས་པ། ཕྱི་ལོ་ ༢༠༠༤ ཟླ་ ༩ པའི་ནང་པེ་ཅིང་དུ་འབྲེལ་མོལ་ཐེངས་གསུམ་པ། ཕྱི་ལོ་ ༢༠༠༥ ཟླ་ ༦ དང་ ༧ པའི་ནང་སུད་སི་རྒྱལ་ས་བྷན་ལ་འབྲེལ་མོལ་ཐེངས་བཞི་པ། ཕྱི་ལོ་ ༢༠༠༦ ཟླ་ ༢ པའི་ནང་ཀོང་ཤི་ཀྲོང་རིགས་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་ཀེའུ་ལན་དུ་འབྲེལ་མོལ་ཐེངས་ལྔ་པ། ཕྱི་ལོ་ ༢༠༠༧ ཟླ་ ༦ དང་ ༧ ནང་ཧྲང་ཧའེ་དང་ནན་ཅིང་དུ་འབྲེལ་མོལ་ཐེངས་དྲུག་པ། ཕྱི་ལོ་ ༢༠༠༨ ཟླ་ ༥ ནང་ཧྲན་ཀྲེན་དུ་ནང་ལུགས་གྲོས་བསྡུར། ཕྱི་ལོ་ ༢༠༠༨ ཟླ་ ༦ དང་ ༧ པའི་ནང་པེ་ཅིང་དུ་འབྲེལ་མོལ་ཐེངས་བདུན་པ་དང་། ལོ་དེ་རང་གི་ཟླ་ ༡༠ དང་ ༡༡ ནང་པེ་ཅིང་དུ་འབྲེལ་མོལ་ཐེངས་བརྒྱད་པ། ཕྱི་ལོ་ ༢༠༡༠ ཟླ་ ༡ དང་ ༢ པའི་ནང་པེ་ཅིང་དུ་འབྲེལ་མོལ་ཐེངས་དགུ་པ་བྱུང་བ་བཅས་ཡིན།
ཕྱི་ལོ་ ༢༠༠༨ ། ལོ་སྟོད་དུ་བོད་རྒྱ་ཁྱབ་ནང་དེ་སྔོན་བྱུང་མ་མྱོང་བའི་ཞི་བའི་གྱེན་ལངས་བྱུང་བ་དང་། ཕྱི་ཟླ་ ༧ པའི་ནང་འབྲེལ་མོལ་ཐེངས་བདུན་པའི་སྐབས་རྒྱ་ནག་གཞུང་གིས་བོད་མིའི་ངོས་ནས་རང་སྐྱོང་གི་རྣམ་པ་ག་འདྲ་ཞིག་རྩོད་ཀྱི་ཡོད་མིན་ཡིག་ཐོག་གསལ་འདོན་བྱེད་དགོས་རེ་འདུན་བཏོན་པ་ལྟར། ཕྱི་ཟླ་ ༡༠ པའི་ནང་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་སྤྲད་ཡོད་ཅིང་། བསམ་འཆར་ཡིག་ཆ་དེ་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་གསལ་བའི་རང་སྐྱོང་གི་ཆ་རྐྱེན་ཁག་གཞི་བཟུང་བཟོ་བཀོད་བྱས་ཡོད། དེ་ཡང་‘‘རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་ཡོད་པའི་བོད་རིགས་རྣམས་ལ་གཅིག་གྱུར་གྱི་འཛིན་སྐྱོང་དགོས་པ་’’དང་། ‘‘རང་སྐྱོང་གི་ངོ་བོ་དང་སྒྲོམ་གཞི།’’ དེ་མཚུངས་‘‘བོད་མིའི་གཞི་རྩའི་དགོས་མཁོ་རང་སྲིད་རང་སྐྱོང་བྱེད་རྒྱུའི་གནད་དོན་ཁག་’’བཅུ་གཅིག་ངོས་འཛིན་བྱས་ཡོད། རྒྱ་ནག་གཞུང་གི་དབང་འཛིན་པ་ཚོས་བསམ་འཆར་གྱི་ནང་དོན་ཁག་ལ་འཁྱོག་བཤད་ཀྱིས་‘‘བོད་ཆེན་པོ་’’དང་། ‘‘ཚད་མཐོའི་རང་སྐྱོང་།’’ ‘‘མངོན་པར་མི་གསལ་བའི་རང་བཙན་དང་སྦས་པའི་རང་བཙན་’’རྩོད་ཚུལ་གྱི་ཉེས་འཛུགས་དང་། རྩ་ཁྲིམས་དང་མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་དང་འགལ་ཚུལ་བཤད།
ཕྱི་ལོ་ ༢༠༠༩ ། རྒྱ་ནག་གཞུང་གིས་བོད་ནང་མུ་མཐུད་བཙན་བཟུང་གིས་ཆབ་སྲིད་དམ་བསྒྲགས་དང་། ཆོས་ལུགས་ལ་སྡང་འཛིན། རིག་གཞུང་རྩ་གཏོར། དཔལ་འབྱོར་དབྱེ་འབྱེད། ཁོར་ཡུག་གཏོར་བཤིག་བཏང་བ་སོགས་གདུག་རྩུབ་དྲག་གནོན་ཚབས་ཆེ་བྱས་དང་བྱེད་བཞིན་པར་ངོ་རྒོལ་བྱེད་ཆེད་བོད་མི་ཚོས་རང་ལུས་མེར་སྲེག་གནང་བ་མ་ཟད། ད་བར་བོད་མི་ ༡༣༠ ཡིས་རང་ལུས་མེར་སྲེག་གནང་བ་ཚང་མས་མགྲིན་དབྱངས་གཅིག་གྱུར་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ་དང་། བོད་མིར་རང་དབང་དགོས་པའི་མངོན་འདོད་གསལ་བཏོན་བྱས་ཡོད།
ཕྱི་ལོ་ ༢༠༡༠ ། བསམ་འཆར་ནང་གསལ་བའི་གནད་དོན་ཁག་ལ་རྒྱ་ནག་དབུས་གཞུང་གིས་མ་རྟོགས་པའམ་ལོག་པར་རྟོགས་པའི་འགྲེལ་བརྗོད་བྱས་པ་ཁག་ལ་གསལ་བཤད་བྱ་ཆེད་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་གྱི་འགྲེལ་བརྗོད་ཡིག་ཆ་འབྲེལ་མོལ་ཐེངས་དགུ་པའི་སྐབས་སྤྲད་ཡོད་པ་དང་། འགྲེལ་བརྗོད་ཡིག་ཆའི་ནང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་ནང་མིང་དོན་མཚུངས་པའི་རང་སྐྱོང་ལག་བསྟར་བྱེད་ཕྱོགས་སྐོར་འགྲེལ་བརྗོད་བྱས་ཡོད་ཅིང་། རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་། བདག་དབང་དང་ས་ཁྱོན་གཅིག་གྱུར། རྒྱུན་འཁྱོངས་གསུམ།༡ དབུས་གཞུང་གི་གོ་རིམ་བཅས་ལ་ཆ་འཛིན་ཡོད་པ་གསལ་ཡོད། ཁྱད་པར་གནད་དོན་བྱེ་བྲག་པ་རང་སྐྱོང་འཛིན་སྐྱོང་གཅིག་གི་སྐོར་དང་། ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་ལམ་ལུགས་སྐོར། མང་ཚོགས་ཀྱི་བདེ་འཇགས། ཕྱོགས་མི་དོ་དམ་བྱེད་ཐབས་ཀྱི་སྲོལ་ཡིག སྐད་ཡིག ཆོས་ལུགས་བཅས་སྐོར་འགྲེལ་བརྗོད་བྱས་ཡོད། འོན་ཀྱང་རྒྱ་ནག་གཞུང་ནས་མུ་མཐུད་མཁྲེགས་འཛིན་གྱིས་ངོས་ལེན་བྱས་མེད།
ཕྱི་ལོ་ ༢༠༡༡ ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཨ་རིའི་སྲིད་འཛིན་ཨོ་བྷ་མ་རྣམ་གཉིས་ཕྱི་ལོ་ ༢༠༡༡ ཟླ་ ༧ དང་ཕྱི་ལོ་ ༢༠༡༤ ཟླ་ ༢ བཅས་སོ་སོར་མཇལ་འཛོམས་ཐེངས་གཉིས་གནང་སྐབས་ཕོ་བྲང་དཀར་པོའི་གཞུང་འབྲེལ་གསར་འགོད་གསལ་བསྒྲགས་སྤེལ་བའི་ནང་‘‘༸གོང་ས་མཆོག་གི་དབུ་མའི་ལམ་གྱི་དགོངས་བཞེས་དང་། འཚེ་མེད་ཞི་བ། རྒྱ་ནག་གཞུང་དང་མཉམ་གྲོས་བསྡུར་མུ་མཐུད་གནང་རྒྱུའི་ཆོད་སེམས་ལ་སྲིད་འཛིན་གྱིས་གཟེངས་བསྟོད་གནང་གི་ཡོད།’’ ཅེས་དང་། ‘‘ཐད་ཀར་འབྲེལ་མོལ་བརྒྱུད་ཕན་ཚུན་དབར་གྱི་མི་མཐུན་པ་རྣམས་སེལ་ཐབས་བྱེད་པ་དང་། དོན་སྙིང་ལྡན་པའི་འབྲེལ་མོལ་བྱེད་རྒྱུ་དེ་རྒྱ་ནག་དང་བོད་མི་མང་གཉིས་ཀའི་ཁེ་ཕན་ཡིན།’’ ཞེས་སོགས་གསུངས་ཡོད། སྲིད་སྐྱོང་བློ་བཟང་སེང་གེས་འགོ་ཁྲིད་པའི་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་མུ་མཐུད་རྒྱུན་འཛིན་བྱ་རྒྱུའི་ཆོད་སེམས་བསྐྱར་ནན་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་གི་འགོ་ཁྲིད་གསར་པའི་སྐུ་ཚབ་དབར་འབྲེལ་མོལ་བྱ་རྒྱུ་དེ་ཉིད་ལས་ཐབས་ལམ་གཞན་མེད་པ་གསལ་འདོན་བྱས་ཡོད།
ཕྱི་ལོ་ ༢༠༠༩ ནས་འགོ་ཚུགས་ཏེ་ ༢༠༡༤ ཟླ་ ༤ བར་བོད་ནང་བོད་མི་ ༡༣༠ ཡིས་རང་ལུས་མེར་སྲེག་གནང་བ་དང་། བོད་ནང་གནས་སྟངས་ཛ་དྲག་ཇེ་ཆེར་འགྲོ་བཞིན་ཡོད་ཀྱང་ད་བར་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་ཚབ་དང་རྒྱ་ནག་གཞུང་གི་སྐུ་ཚབ་དབར་འབྲེལ་མོལ་མཐུད་ཐུབ་མེད། ཨ་རི་དང་། ཡོ་རོབ་སྤྱི་མཐུན། ཕ་རན་སི། ཉི་ཧོང་། ཨོ་སི་ཀྲོ་ལི་ཡ། བྷ་ར་ཛིལ། ནེའུ་ཛི་ལེཎཌ་བཅས་ནས་རྒྱ་ནག་གཞུང་ལ་གྲོས་མོལ་བརྒྱུད་བོད་དོན་དཀའ་རྙོག་སེལ་ཐབས་བྱ་རྒྱུ་དེ་ཉིད་ཐབས་ལམ་བཟང་ཤོས་ཡིན་པའི་སྐུལ་འདེབས་བྱས་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དབུ་མའི་ལམ་གྱི་སྲིད་བྱུས་མུ་མཐུད་འགྱུར་བ་མེད་པར་ལག་བསྟར་བྱེད་བཞིན་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་དང་། ཁྱད་པར་རྒྱ་རིགས་མི་མང་གི་རྒྱབ་སྐྱོར་ཆེ་རུ་འགྲོ་བཞིན་པ་རེད།
Leave a Reply