ནང་པའི་ཆོས་དང་ཚན་རིག་གི་རྣམ་བཞག་སྐོར།
ཐེངས་ 10384 བཀླགས་འདུག
༄༅། །ནང་པའི་ཆོས་ནི་ཤིན་ཏུ་རྒྱ་ཆེ་ཞིང་གཏིང་ཟབ་ལ། ལག་ཏུ་བླང་བདེ་བ་ཞིག་ཡོད། དེ་ཡང་མི་རིགས་གཅིག་དང་། ཡུལ་གཅིག་ཁོ་ནའི་ཆེད་དུ་གསུངས་པ་མ་ཡིན་པར་སེམས་ཅན་ཐམས་ཅད་ཀྱི་དོན་ལ་གསུངས་པའི་ཆོས་ལུགས་ཤིག་ཡིན། ནང་ཆོས་ནི་བློ་རབ་འབྲིང་མཐའ་གསུམ་གང་འདྲ་ཞིག་ཡིན་རུང་། རང་གི་བློ་ནུས་དང་འཚམས་པའི་ཉམས་ལེན་ཆོག་པའི་ཐབས་ཤེས་འཇུག་པ་བདེ་པོ་ཡོད་པ་ཞིག་ཀྱང་ཡིན། ངོས་རང་ཆུང་ངུའི་དུས་ནས་སློབ་གཉེར་གྱི་འགོ་བཙུགས་ཏེ་ད་ཆ་རང་ལོ་དྲུག་ཅུ་རེ་གྲངས་ལ་སླེབས་ཡོད་ཀྱང་། ད་དུང་ནང་ཆོས་ཀྱི་གོ་རྟོགས་མཐར་ཕྱིན་པ་ཞིག་རྙེད་མེད་པས་མི་མཐུད་ཐོས་བསམ་སྒོམ་སྒྲུབ་ལ་འབད་པ་བྱེད་བཞིན་ཡོད།
དེང་རབས་ཀྱི་ཚན་རིག་པ་དང་། མཁས་དབང་ཁག་གཅིག་གིས་ནང་ཆོས་ནི་སེམས་ཀྱི་ཚན་རིག་རེད་ཅེས་བརྗོད་ཀྱི་ཡོད་པ་དང་ནང་པའི་ཆོས་ཀྱི་ནང་དུ་དད་པ་དང་། ཡིད་ཆེས་གཙོ་བོར་མ་བསྟན་པར་རྒྱུ་མཚན་དང་ཉམས་མྱོང་ཚད་མ་གཞི་ལ་གཞག་སྟེ་ཐར་པའི་ལམ་ལ་འཇུག་ཚུལ་རྩལ་དུ་བཏོན་པའི་གནད་དོན་ལ་གཞིགས་ན་ནང་ཆོས་ནི་སེམས་ཀྱི་ཚན་རིག་རེད་ཅེས་བརྗོད་འོས་པ་ལྟ་བུ་རེད། དེ་ཡང་ནང་ཆོས་དངོས་ཡོད་གནས་ཚུལ་ལ་ཁས་ལེན་པ་ཙམ་དུ་མ་ཟད། དེ་གཞིར་བཞག་སྟེ་ཕྱི་ནང་གི་ཆོས་ལ་དཔྱད་ཞིབ་བྱེད་པའི་སྲོལ་ཡང་ཡོད་སྟབས་དེང་སང་ཚན་རིག་པ་ཚོས་ནང་ཆོས་ལ་དཔྱད་ཞིབ་བྱེད་པའི་སྲོལ་ཡང་ཡོད་སྟབས་དེང་སང་ཚན་རིག་པ་ནང་ཆོས་ལ་དམིགས་བསལ་གྱི་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། དེ་ལྟར་ནང་ཆོས་ཀྱི་རྩ་བའི་གྲུབ་མཐའ་ནི། དངོས་ཡོད་གནས་ཚུལ་དང་མཐུན་པ་ཞིག་ཡིན་པའི་དབང་གིས་རྒྱུ་མཚན་དང་། རིག་པ་ཡང་དག་གི་བརྟག་དཔྱད་བྱེད་འོས་པ་དང་བྱེད་ཆོག་པ་བཅས་ཀྱི་གདེང་དང་ལྡན་པའི་སྐྱོན་བྲལ་གྱི་ཆོས་ཤིག་ཡིན་པར་བརྟེན་སྟོན་པ་སངས་རྒྱས་ཉིད་ཀྱི་ཀྱང་།
དགེ་སློང་དག་གམ་མཁས་རྣམས་ཀྱིས།།
སྲེག་བཅད་བརྡར་བའི་གསེར་བཞིན་དུ།།
ལེགས་པར་བརྟག་ལ་ང་ཡི་བཀའ།།
བླང་བར་བྱ་ཡི་གུས་ཕྱིར་མིན།།
ཞེས་གསལ་པོ་གསུངས་ཡོད། དེ་ཡང་ནང་ཆོས་དང་། ཚན་རིག་གཉིས་ཀས་གཞི་དངོས་པོའི་གནས་ལུགས་གཏན་ལ་འབེབས་སྐབས། ཐོག་མར་མངོན་སུམ་ཚད་མས་ཇི་ལྟར་གཞལ་བའི་དོན་རྣམས་གཞི་ལ་བཞག དེ་ལས་ཀྱང་ཅུང་ཟད་ལྐོག་ཏུ་གྱུར་པའི་དོན་རྣམས་དངོས་སྟོབས་རིག་པ་དང་འབྲེལ་བའི་རྒྱུ་མཚན་གྱི་སྒོ་ནས་དཔོག ཇི་ལྟར་དཔགས་པའི་གནད་རྣམས་དོན་ལ་གནས་མིན་མཐར་མངོན་སུམ་གྱི་མྱོང་བ་ལ་གཏུགས་ཏེ་ར་སྤྲོད་བྱེད་པ་སོགས་ཇི་ལྟར་དངོས་པོའི་གནས་ཚུལ་ལ་དཔྱོད་ཚུལ་ཐོག་མཐུན་ཆ་ཆེན་པོ་ཡོད། དུས་རབས་བཅུ་བདུན་པ་ནས་བཟུང་རིམ་པས་དངོས་པོའི་ཚན་རིག་ཡར་རྒྱས་སོང་བའི་སྐབས་སུ་ཆོས་ལུགས་འགའ་ཤས་ལ་ཡིད་ཆེས་བྱེད་མཁན་ཉུང་དུ་ཕྱིན་པ་སོགས་ཀྱི་སྐྱོན་ཕྲན་བུ་བྱུང་ཡོད། འོན་ཀྱང་ནང་ཆོས་ནི་དངོས་ཡོད་གནས་ཚུལ་གཙོ་བཟུང་བྱེད་མཁན། རྒྱུ་མཚན་ལྡན་པ་ཞིག་ཡིན་སྟབས་ཚན་རིག་སོགས་ཀྱིས་མི་གནོད་པར་མ་ཟད། ཧ་ཅང་མཐུན་པོ་ཡོད། དཔེར་ན། དངོས་པོའི་ཚན་རིག་པ་སྙན་གྲགས་ཅན། ནེའི་ཀྲོན་( Newton) དང་། ཌར་ཝིན་(Darwin)སོགས་ཀྱིས་བརྟག་དཔྱད་བྱས་ཏེ་གསར་དུ་རྙེད་པའི་འབྱུང་བའི་འཐེན་ཤུགས་དང་། གཡོ་འགུལ་གྱི་འགྲོ་སྟངས། རླན་དང་རྡུལ་ཕྲན་གྱི་ནུས་པ། ལུས་ཀྱི་ཆགས་ཚུལ་དང་། ནང་འབུའི་ཚན་རིག་སོགས་རྣམ་གཞག་མང་པོ་ཞིག་སངས་རྒྱས་ཀྱིས་མངོན་པ་དང། དགའ་བོ་མངལ་འཇུག མདོ་དྲན་པ་ཉེར་བཞག་སོགས་གཞུང་མང་པོ་ནས་གསུངས་པ་དང་ཆ་འདྲ་བ་ཡོད། ལྷག་པར་ཕྱིས་ཀྱི་ཚན་རིག་པ་ཀུན་གྱི་ཡང་རྩེ་ཨས་ཨེན་སུ་ཀྲན་(Einstien) གྱིས་བརྟག་དཔྱད་བྱས་ཏེ་གསར་ཏུ་རྙེད་པའི་དངོས་པོའི་རྟེན་འབྲེལ་རྣམ་གཞག་དེ་དག་ནི་(Theory of Relativity)དེའི་གོང་གི་མཁས་པ་ཚོའི་བསམ་ཚུལ་ལས་ལྡོག་པའི་ཚན་རིག་གི་ལྟ་བ་གསར་པ་ཞིག་ཡིན། ཁོང་གིས་གསར་དུ་རྙེད་པའི་དངོས་པོའི་རྟེན་འབྲེལ་རིག་པ་དེ་དང་། ལོ་ཉིས་སྟོང་གོང་གསུངས་པའི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་གསུང་རྟེན་འབྱུང་གི་ལྟ་བ་གཉིས་སྒོ་དུ་མ་ནས་ཆ་མཚུངས་པ་ཡོད། དེ་བཞིན་ཚན་རིག་གི་གཏན་ལ་ཕབ་པའི་རྒྱུ་སྐར་གྱི་འགྲོ་སྟངས་དང་(Astronomy)དང་། རྡུལ་ཕྲན་ཕྲ་མོའི་ངོ་བོ་ངོས་འཛིན་ཚུལ་སྐོར་(Atomic particles)རྩ་ཁམས་རིག་པ་དང་། སྐྱེ་དངོས་རིག་པ། (Neurobiology) འཇིག་རྟེན་ཆགས་ཚུལ་(Cossmology) དངོས་ཁམས་རིག་པ་(Physics) ལྷག་དོན་ཨ་ཨེས་ཀྲན་གྱི་སློབ་མའི་གཙོ་བོ་(Max planck, Niels Bohr, Heissenberg)ནས་ཆེས་གསར་དུ་རྙེད་པའི་དུམ་བུའི་ལྟ་བར་(Quantum Theory) འགྲེལ་བཤད་བྱེད་ཚུལ་སོགས་དེ་དག་ནང་པའི་གཞུང་ནས་གསུངས་པ་དང་བསྡུར་ན་མཐུན་པོ་ཡོད། ད་བར་རྡ་རམ་ས་ལར་ཕྱི་རྒྱལ་གྱི་ཚན་རིག་པ་ཁག་ཅིག་མཉམ་དུ་ངོས་ནས་ནང་ཆོས་དང་ཚན་རིག་གི་ལྟ་ཚུལ་སྐོར་བསམ་ཚུལ་བརྗེ་ལེན་གྱི་བགྲོ་གླེང་ཚོགས་འདུ་”སེམས་དང་སྲོག་”(Mind & life) ཅེས་པ་ཐེངས་བདུན་ཚོགས་པ་ཡིན། གཞན་ཡང་ཕྱི་རྒྱལ་ཁག་ཏུ་བསྐྱོད་སྐབས་ཚན་རིག་པ་འབྲེལ་གཏུགས་ཀྱིས་ཕན་ཚུན་བློ་བསྐྱེད་འཕེལ་བའི་བགྲོ་གླེང་གི་གོ་སྐབས་མང་པོ་བྱུང་།
དེ་བཞིན་ཕེརོ་ཨུཌ་(Freud)དང་ཇུང་(Jung)སོགས་ཀྱིས་གཏན་ལ་ཕབ་པའི་སེམས་ཁམས་རིག་པ་(Psychology) ཞེས་མིའི་སེམས་ཀྱི་སྡུག་བསྔལ་གྱི་རིགས་མང་པོ་ཞིག་ཆུང་དུས་ཕ་མ་གཉིས་དང་། ཁྱད་པར་མ་ཡིས་གསོ་སྐྱོང་བྱེད་སྟངས་ལ་བརྟེན་ནས་བྱུང་ཚུལ་དང་། ཡང་རང་གི་ཕ་མེས་ཚོའི་ཤེས་རིག་དང་། གོམས་གཤིས་ཀྱི་བག་ཆགས་བསགས་པའི་རྒྱུ་ལས་བྱུང་ཚུལ་སོགས་རྒྱུ་རྐྱེན་སྣ་ཚོགས་འགྲེལ་བཤད་བྱེད་པ་དང་། སྡུག་བསྔལ་གྱི་རིགས་དེ་རྣམས་སེལ་ཐབས་སུ་སེམས་ལ་གང་དྲན་པ་རྣམས་སྐད་ཆ་དང་། རི་མོ། གླུ་གར། གཟུགས་བརྙན་སོགས་ཀྱི་ལམ་ནས་ཕྱིར་སྟོན་དགོས་པའི་སྐོར་འཕྲལ་སེལ་གྱི་ཐབས་སྣ་ཚོགས་སྟོན་བཞིན་པ་རེད།
སྐྱོན་ཀུན་ཟད་ཡོན་ཏན་ཐབས་ཅད་དང་ལྡན་པ། མཁྱེན་བརྩེ་ནུས་གསུམ་ཕུལ་དུ་ཕྱིན་པའི་སྟོན་པ་སངས་རྒྱས་ཀྱིས་ལེགས་པར་བསྟན་པའི་ཟབ་ཅིང་རྒྱ་ཆེ་བའི་ཆོས་ཀྱི་ལྟ་བའི་གནད་རྣམས་ནི་འགྲོ་བའི་སེམས་རྒྱུད་ཀྱི་དྲི་མ་བག་ཆགས་དང་བཅས་པ་སེལ་ཐབས་ཁོ་ནར་བསྟན་པ་ཞིག་ཡིན་སྟབས། འདི་དང་ཕྱི་མ། རང་དང་གཞན། འཕྲལ་དང་ཕུགས། དུས་དང་གནས་ཚུལ་ཅི་འདྲ་ཞིག་གི་འོག་ལའང་ནོར་པ་དང་། མ་རན་པ། ཕན་གནོད་གོ་ལྡོག་པ་སོགས་ཀྱི་གནས་ཚུལ་རྩ་བ་ནས་མེད་པར་གཅིག་ཏུ་ཕན་བདེ་འབའ་ཞིག་སྦྱིན་པའི་ཐབས་ཚུལ་ཡང་དག་པ་ཞིག་ཡིན། དེ་ལྟར་ཡིན་མིན་ནང་ཆོས་ལ་སྦྱང་པ་བྱས་ཏེ་ཕྱོགས་ལྷུང་གི་དྲི་མ་མེད་པའི་ཐོག་ནས་ཉམས་ཞིབ་དང་དཔྱད་པ་བྱས་ན་ནང་ཆོས་ཀྱི་གཟི་བརྗིད་དང་བྲོ་བ་རྙེད་རྒྱུར་ཐེ་ཚོམ་མེད།
ལས་ཚན་འདིའི་ཡོང་ཁུངས། རྒྱལ་བ་རིན་པོ་ཆེའི་དྲ་བ།