མང་འཐུས་གྲོས་ཚོགས་གསར་པ་སྒོ་ཕྱེ་དགོས།
ཐེངས་ 8505 བཀླགས་འདུག
བཙན་བྱོལ་བོད་མིའི་ཁྲིམས་བཟོ་ལྷན་ཚོགས་སམ་སྤྱི་འཐུས་ལྷན་ཚོགས། ༢༠༠༩ ཟླ་ ༠༩ པའི་ཚེས་ ༡༨ ཉིན་རྒྱབ་ཆོུད་ ༤ དང་སྐར་མ་ ༢༦ སྟེང་ལམ་གྲོན་སྒོར་ཉུང་ཤས་ཤིག་གི་དོན་དུ་བློ་ཁ་མ་མཐུན་པ་བྱུང་སྟེ། ང་འགྲོ་ཁྱོད་འདུག་གིས་སྤྱི་འཐུས་མང་ཤས་ཚོགས་ཁང་གི་ཕྱིར་ཐོན་པར་བརྟེན། མཐའ་མ་སྤྱི་འཐུས་ཀྱི་གྲུབ་ཆ་མ་ཚང་བའི་མིང་ཐོག་ནས་གྲོལ་ཡོད་པ་རེད། ཚོགས་འདུ་རྒྱལ་ཁའི་ངང་གྲོལ་བ་རེད། ཅེས་པའི་ཁྱབ་བསྒྲགས་དེའང་རེ་ཞིག་འཇུག་བསྡུ་མ་བྱས་ཐབས་མེད་དུ་གྱུར་པའི་རྒྱུ་རྐྱེན་ཡང་། སྐབས་འདིའི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་འཇུག་སྡོམས་ཀྱི་བྱེད་སྒོ་སྤེལ་མ་ཐུབ་པ་ལ་ཐུག་ཡོད། དེ་ནི་ཨ་སྔོན་གཞུང་ནས་དབྲལ་ཏེ། ཉི་ཟླ་ས་ལ་ཟག་སོང་བའི་ཛ་དྲག་གི་གསར་འགྱུར་ཞིག་མིན་ལ་གྲ་མ་འགྲིག་པ་དང་གྲུ་ཆག་པའི་ཐབས་རྡུག་གི་ལོ་རྒྱུས་ཤིག་ཀྱང་དེ་བས་མིན། གོ་ལ་ཧྲིལ་པོ་འདིའི་སྟེང་གི་མང་གཙོའི་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱུང་རབས་གཞན་དང་མི་འདྲ་བར་འཕགས་མཆོག་སྤྱན་རས་གཟིགས་ཉིད་ཀྱིས་མང་གཙོའི་ཁེ་དབང་མང་ཚོགས་ལ་གནང་བ་དང་། ཐོག་མའི་ཆར་མང་ཚོགས་བརྒྱ་ཆ་དགུ་བཅུ་གོ་དགུས་གནས་ལུགས་མི་ཤེས་པ་དང་། བརྒྱ་ཆ་བཅོ་ལྔ་ཙམ་ལམ་ལུགས་རྙིང་པའི་གཡའ་ཐུག་པོའི་ལྐོག་ཤུན་སྲབ་པོ་མིན་ཞིང་། ད་དུང་འདུ་ཤེས་རྙིང་པར་ཡིད་ཆེས་ཀྱིས་༸གོང་ས་མཆོག་གིས་གནང་སྟངས་དེ་རལ་གྲི་གནམ་གཡུག་རེད། ཟེར་མཁན་ཡང་བྱུང་ཡོད་པ་སོགས་ཡ་མཚན་དངོས་བྱུང་གི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཡོད་པའི་མང་གཙོ་གསར་པའི་སྤྱི་ཚོགས་ཤིག་ཏུ། གྲ་མ་ཉམས་པའི་འཆར་གཞི་དང་གྲུ་ཆག་པའི་ལས་འགུལ་བརྩམས་དང་རྩོམ་བཞིན་པ་ཞིག།དེ་རིང་གཞི་ནས་དངོས་སུ་སྤྱི་ཚོགས་ནང་ཡོངས་ཁྱབ་ཀྱི་མིག་མཐོང་ལག་ཟིན་དུ་གྱུར་པ་ཞིག་རེད། དེ་ནི་མི་སོ་སོའི་བསམ་བློའི་ནང་ཉེ་བར་མཁོ་བའི་བསླབ་བྱ་དང་ཉམས་ལེན་གལ་ཆེན་ཞིག་ཏུ་ཉེར་ཚགས་བྱེད་དགོས་པའི་གནད་དོན་ཞིག་ཡིན། ཅེས་སྡོམས་རྒྱབ་ན་འགྲིག་བསྡད་ཡོད་པ་རེད་སྙམ། ཕྱོགས་གཞན་ཞིག་ནས་དགྲ་དགའ་གཉེན་སྐྱོ་དང་རྒྱ་དགའ་བོད་སྡུག་གི་གནས་ཚུལ་དུ་ཡོངས་གྲགས་ངང་རྒྱ་ཁྱབ་ཕྱིན་ཡོད་ཅིང་། ལྷག་པར་བོད་ནང་གི་བོད་མི་མང་པོ་ཞིག་བློ་ཕམ་དང་ཡིད་མུག་སྐྱེས་ཡོད་པའི་གནས་ཚུལ་འདུག་མོད། བསམ་བློ་ནན་གྱི་བཏང་ན་དེ་འདྲར་རྩ་བ་ནས་མིན། ཁྱི་འཛིང་སྒོས་པའི་བརྒྱུད་རིམ་ནང་ཁྱི་པགས་དབྲལ་བའི་གནས་ཚུལ་ཧ་ཅང་དཀོན་པོ་ཡོད་པ་དང་། ལར་ནས་བཀུར་འོས་སྤྱི་འཐུས། ཞེས་འབོད་སྲོལ་ཡོད་པ་དེ་ད་དུང་ཡང་མིང་དོན་མཚུངས་པའི་ངང་ཏག་ཏག་གནས་ཡོད་པ་རེད། འོན་ཀྱང་། མི་ངན་གཅིག་གིས་ཡུལ་ཚོ་དཀྲུག།།རྡོ་རིལ་གཅིག་གིས་རྩིག་པ་དཀྲུག།། ཞེས་པའི་བོད་ཀྱི་ཁ་རྒྱུན་བཞིན་མི་རེ་གཉིས་ཤིག་གིས་བྱེས་སྟངས་ལས་གནས་ཚུལ་འདི་ལྷག་པ་རེད།ཟུར་ཉན་པའི་མིག་གིས་མཐོང་ས་དང་རྣ་བས་ཐོས་སར་ཡོད་དུས་བཤད་ཆོག་ཆོག་ཡོད།
དང་ཐོག་དངུལ་སྒོར་ཉུང་ཤས་ཀྱི་ནང་དོན་ཅན་སྤྱི་འཐུས་སྒེར་གྱི་གྲོས་འཆར་ཞིག་ཏུ་སྤྱི་འཐུས་སྒྲོལ་མ་མཚོ་མོ་སོགས་སྤྱི་འཐུས་བཅུ་བཞིས་དབྱིན་བོད་ཀྱི་ཡིག་རིིགས་བསྲེས་ནས་མིང་རྟགས་བཀོད་ཅིང་། རྒྱུན་ལྡན་མ་ཡིན་པའི་དཔུང་སྒྲིག་རྣམ་པ་ཅན་གྱི་ཤོག་ལྷེ་གཅིག་རྒྱུན་ལྡན་མ་ཡིན་བརྒྱུད་ལམ་འགྲིམས་ནས་སྤྱི་འཐུས་སོ་སོའི་པང་ལ་གཡུག།དེ་མ་ཐག་སྤྱི་འཐུས་ཚང་མ་གཡས་ལོག་གཡོན་ལོག་ཀྱིས་རེ་འགས་གྲུང་ཉམས་སྟོན་ཅིང་། རེ་ཟུང་ཉོབ་སྣང་དོད་པའི་རྣམ་པ་གསལ་པོ་ཆགས་པ་དང་ཆབས་ཅིག།གསར་འགོད་པའི་དོ་སྣང་དང་ཞིབ་འཇུག་གི་ཁ་ཕྱོགས་རྣམས་ཀྱང་ཕྱོགས་གཅིག་ཏུ་སྤུངས། གྲོས་འཆར་དེར་སྤྱི་འཐུས་མང་མོས་ཀྱི་བློ་ཁ་མ་ཁེངས་པས་རིམ་གྱིས་ཟིང་ཆའི་རྦ་རླབས་ཆེ་རུ་ཕྱིན་ཡོད་པ་རེད། བཀུར་འོས་སྤྱི་འཐུས་བསྟན་འཛིན་མགོན་པོ་སོགས་སྤྱི་འཐུས་མང་པོས་སྤྱི་འཐུས་སྒྲོལ་མ་མཚོ་མོ་ལ་གྲོས་འཆར་དེ་ཕྱིར་འཐེན་བྱེད་རྒྱུའི་ལམ་སྟོན་དང་རེ་བསྐུལ་རྒྱུ་མཚན་ལྡན་པ་མང་པོ་ཐད་ཀར་ཞུས་ཀྱང་། ཁོ་མོས་རྒྱབ་སྐྱོར་བ་ཚོའི་གདོང་པར་གཡས་ལྟ་གཡོན་ལྟ་བྱེད་བཞིན་དང་ལེན་བྱས་མེད། མི་ཉན་པ་ལ་གྲོས་མ་འདེབས།། མི་འོང་པ་ལ་ལས་མ་བཅོལ།། ཟེར་བ་བཞིན་ནང་གྲོས་ཀྱི་རེ་བ་མེད་པ་ཕྱིར་མངོན་ཡོང་བ་དང་སྟབས་ཅིག་སྤྱི་འཐུས་རེ་གཉིས་ཕྱིར་ཐོན་འགོ་ཚུགས། འཁྲུག་ཆ་དོད་པོའི་བརྒྱུད་ལམ་དེའི་ཐོག་ནས་ཤེས་ཆུང་ཀླད་མེད་ཀྱི་རྣམ་པ་མངོན་པའི་སྤྱི་འཐུས་འགའ་རེས་ཚིག་མཚོན་ཐལ་ཆ་ཅན་མང་པོ་བེད་སྤྱོད་བྱས་པས་མ་ཚད། མི་རྒན་རེ་ཟུང་གིས། ཝ་མི་བརྒྱལ་ཀ་མེད་འདྲེ་ཡིས་འགྲམ་ལྕག།།ནམ་མི་ལངས་ཀ་མེད་ཉི་མས་རྗེས་འདེད།།ཟེར་བཞིན་ཕུག་བསམ་ལྡན་པའི་ལམ་སྟོན་གང་ཐུབ་གནང་ཡོད་རུང་གྲུབ་འབྲས་ཐོན་མེད་པ་རེད། གནད་དོན་འདིར་མ་ཟད་གྲོས་ཚོགས་འདིས་ཐོག་མའི་ཆར་ཚོགས་གཙོ་འདེམ་མ་ཐུབ་པ་སོགས་ཕྱོགས་གང་ནས་བལྟས་ཀྱང་གྲོས་ཚོགས་འདི་བཟོ་ལྟ་ཡོད་པ་ཞིག་མིན་པ་མི་ཚང་མས་མཐོང་ཐོས་སུ་གྱུར་ཡོད།
ཁ་ཆག་སྣ་རལ་གྱི་སྐད་ཆ་དེའི་རྗེས་སུ་ཚོར་སྣང་ཆེན་པོའི་ཐོག་ནས་བསམ་ཚུལ་དང་འཆར་སྣང་ཙམ་གྱི་ས་བོན་ཞིག་བཏབ་འདོད་དེ། གྲོས་འཆར་འདོན་མཁན་ཚོས་གྲོས་འཆར་དེ་མ་འོངས་པར་ཕྱིར་འཐེན་བྱེད་ཀྱི་མིན་ཚུལ་བརྒྱུད་ལམ་ཁག་ཏུ་ཕྱིར་བསྒྲགས་བྱེད་པར་བལྟས་ན། ཚོགས་དུས་དགུ་པ་ཡང་ཚོགས་མི་ཐུབ་པ་ཧ་ལམ་ངེས་གཏན་ཡིན་ལ། གལ་སྲིད་ཚོགས་འདུ་སྐོང་ཐུབ་པའི་དབང་དུ་བཏང་ཡང་སྤུས་དག་པོ་ཞིག་མི་འོང་པ་ལོ་རྒྱུས་ཀྱི་བརྒྱུད་རིམ་ལ་ཕྱིར་དྲན་ཐེངས་གཅིག་བྱས་ན་གསལ་པོ་ཆགས་ཀྱི་རེད། སྐབས་བཅུ་པའི་སྤྱི་འཐུས་༸གོང་ས་མཆོག་གིས་ཐད་ཀར་སྒོ་རྒྱབ་པ་ལྟར་ད་ཐེངས་མི་མང་རང་གིས་ནུས་ཤུགས་བེད་སྤྱད་ནསསྐབས་འདིའི་གྲོས་ཚོགས་སྒོ་རྒྱབ་སྟེ། སླར་ཡང་མང་འཐུས་གྲོས་ཚོགས་འཐུས་སྒོ་ཚང་བ་ཞིག་གསར་དུ་སྒོ་ཕྱེ་རྒྱུའི་དུས་ལ་བབས་ཡོད། ཡང་ན་གྲོགས་ཚོགས་ཀྱི་ཡོང་ཁུངས་ལ་སྐྱོན་ཡོད་པའི་དབང་དུ་བཏང་ན། གྲོས་ཚོགས་རྙིང་པ་འདི་གྲོས་ཚོགས་གོང་འོག་གང་རུང་གི་མིང་ཐོག་ཏུ་འཇོག་རྒྱུ་དང་། གསར་དུ་ས་ཁུལ་སོ་སོའི་ཡོང་ཁུངས་ཅན་གྱི་གྲོས་ཚོགས་ཤིག་གྲོས་ཚོགས་གོང་འོག་གང་རུང་གི་ངོ་བོར་གསར་གཏོད་བྱེད་དགོས་ཀྱི་ཡོད་པ་རེད། གང་ལྟར་མི་ཚང་མས་རང་དོན་རང་གཅེས་ཀྱིས་གནད་དོན་འདིའི་སྐོར་བསམ་ཞིབ་དང་བགྲོ་གླེང་། འཆར་གཞི་དང་གྲ་སྒྲིག་བྱེད་རྒྱུ་ནི་ད་ཡོད་ད་ཐོག་གི་འཁུར་དུ་བབ་པའི་ལས་འགན་ཉག་གཅིག་ཏུ་གྱུར་ཡོད།
Leave a Reply