ཆབ་སྲིད་ཀྱི་ཁ་ཕྱོགས་བསྒྱུར་བའི་གྲུབ་འབྲས།
ཐེངས་ 9847 བཀླགས་འདུག
ཆབ་སྲིད་ཀྱི་ཁ་ཕྱོགས་བསྒྱུར་བའི་གྲུབ་འབྲས།
—བོད་མི་མང་སྤྱི་འཐུས་བློ་བཟང་གྲགས་པ་ནས།
ལོ་འདི་དག་གི་རིང་ང་རང་བོད་མི་མང་སྤྱི་འཐུས་ཀྱི་ལས་གནས་ཐོག་བོད་མི་རིགས་ལ་ཞབས་ཞུ་རྒྱ་མཚོའི་ཆུ་ཐིགས་ཙམ་ཞུས་ཐུབ་པ་དགའ་སྤོབས་ཡོད། དེ་བས་དགའ་སྤོབས་འོས་པ་ནི། ལོ་འདི་དག་གི་རིང་ལས་དོན་རྐྱེན་པས་དཔལ་ལྡན་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག་དང་འབྲེལ་བ་ཟབ་པོ་བྱུང་པ་དང་། ཁོང་གི་ཤེས་འཇོན་དང་མི་གཤིས་ལ་རྒྱུན་ལོན་བྱས་པའི་གོ་སྐབས་ཀྱང་ཐོབ་སོང་། དཔལ་ལྡན་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག་ནི་སྒོ་གསུམ་ཟོལ་མེད་ཀྱིས་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དད་པ་དང་། ཁོང་གི་བཀའ་དགོངས་བསྒྲུབ་པར་མི་ཁ་ཤས་ཀྱིས་མ་རིག་རྨོངས་པའི་དབང་གིས་གཞི་མེད་ཁ་བརྡུང་དང་ཟུར་ཟ། དམའ་འབེབས་སོགས་གཏོང་ཏེ་སོ་སོར་གྱོང་ག་ཚོད་རག་ནའང་གྱོང་འཁུར་ཐུབ་མཁན་ཞིག་དང་། ༸མགོན་པོ་གང་གི་བཀའ་དགོངས་སྲོག་ལྟར་འཛིན་ཏེ་དོན་དངོས་ལག་ལེན་ཐོག་བསྐྱེལ་ཐུབ་མཁན་གྱི་དབུ་ཁྲིད་ཕུལ་བྱུང་ཞིག་ཡིན་པས། རྒྱུན་དུ་ནས་ཁོང་གི་རྒྱལ་སྲས་སྤྱོད་པ་ཀུན་ལ་གུས་བཀུར་ཆེན་པོ་བྱེད་ཀྱི་ཡོད།
ཕྱི་ལོ་ ༢༠༡༡ ལོ་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་སྤྲོ་བ་ཆེན་པོས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མི་མང་ནས་འོས་འདེམས་བྱུང་བའི་དབུ་ཁྲིད་ལ་གནང་ཏེ་རིང་ནས་སྙིང་དུ་བརྣག་པའི་འདོད་པའི་དོན་དེ་ལེགས་པར་འགྲུབ་ཏེ་བོད་ཀྱི་ལོ་རྒྱུས་ཀྱི་ཀྱོག་མཚམས་གལ་ཆེ་བ་ཞིག་བྱུང་། དཔལ་ལྡན་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག་གིས་བཀའ་བློན་ཁྲི་པ་དང་སྲིད་སྐྱོང་གི་མཛད་འགན་བཞེས་པ་ནས། འཇིག་རྟེན་ཆོས་བརྒྱད་དང་ཉོན་མོང་དུག་གསུམ་གྱི་དྲི་མས་སྒྲིབ་པའི་བོད་མི་ཉུང་ཤས་ཀྱིས་རྒྱ་ནག་གུང་ཁྲན་གཞུང་གི་མགྲིན་ཚབ་ཚུལ་ཏུ་ཕྱི་ནང་གསང་གསུམ་དང་། སྔར་ཕྱི་བར་གསུམ། མངོན་ཤུགས་བརྒྱུད་གསུམ་ནས་ཁོང་གི་ལས་དོན་ལ་མཛད་དཀའ་རབ་དང་རིམ་པ་བཟོས་ནའང་། དཔལ་ལྡན་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག་གིས་མི་རིགས་ལ་བཅངས་བའི་བརྩེ་དུང་དང་། ༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་མི་འགྱུར་བྲག་ལྟར་གནས་པས་ཁོང་གི་གཟིགས་རྒྱངས་རིང་པོའི་ཆབ་སྲིད་ཀྱི་འཆར་སྣང་དང་ཕུགས་ཐག་རིང་བའི་ཐབས་ཇུས་ཀྱི་རྩལ་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ནང་ཤེས་འཕྲོད་གསུམ་གཙོས་ཕྱོགས་ཡོངས་ལ་སྔོན་བྱུང་མ་མྱོང་བའི་འཕེལ་རྒྱས་བྱུང་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁུངས་མ་ལག་དང་། སྒོས་སུ་ལས་ཁུངས་གསར་རྒྱག ལས་བྱེད་བཞུག་ཤག་གསར་རྒྱག གཞིས་ཆགས་ས་ཁང་ཁྲིམས་མཐུན་བཟོས་པ། རྒྱ་གར་གཞུང་ནས་གཞིས་ཆགས་སྲ་བརྟན་དང་འཕེལ་རྒྱས་ལ་ཕན་པའི་གཞུང་འབྲེལ་སྲིད་བྱུས་གཏན་འབེབས་ཐུབ་པ། བཙན་བྱོལ་ན་གཞོན་ཤེས་ཡོན་འཕེལ་རྒྱས་གོང་མཐོར་བཏང་པ། སློབ་མིའི་སློབ་ཡོན་མང་དུ་བཏང་ཏེ་གཞོན་སྐྱེས་ཤེས་ཡོན་ཅན་མང་པོ་གསོ་སྐྱོང་གནང་པ། རྒྱལ་སྤྱིའི་འབྲེལ་ལམ་དམ་གཟབ་བཏང་ཏེ་བོད་དོན་དྲིལ་བསྒྲགས་ཀྱི་ལས་དོན་ལ་ལོ་རྒྱུས་ཀྱི་ཟིན་ཐོ་བཀོད་པ་སོགས་རླབས་ཆེན་གྱི་མཛད་རྗེས་དུ་མ་མིག་མཐོང་ལག་ཟིན་ཐུབ་པ་བྱུང་ཡོད། འདི་ནི་མི་ལོ་བཅུ་ཕྲག་མང་པོས་སྒྲུབ་མ་ཐུབ་པའི་ལས་དོན་འབའ་ཞིག་ཡིན་ནའང་། བཙན་བྱོལ་སྤྱི་ཚོགས་གོང་འོག་བར་གསུམ་དུ་གནས་པའི་རང་ལྟ་མཆོག་འཛིན་དང་། གོ་གནས་དང་དབང་ཆ་འབའ་ཞིག་ལ་རྔམས་པ། སོ་སོ་ལས་ལྷག་པ་མེད་སྙམ་པའི་བོད་མི་ཉུང་ཤས་ཀྱིས་ད་དུང་ཡང་ཁོང་གི་མཛད་རྗེས་ལ་འཁྱོག་བཤད་དང་། ཁོང་གི་དགོངས་པ་ལ་ལོག་ལྟ། ཁོང་གི་ལྟ་གྲུབ་ལ་ལོག་བཤད་བྱེད་དེ་མི་རིགས་ཀྱི་རྩ་དོན་སྤྱི་ལ་གནོད་པའི་ལས་ངན་བསགས་དང་གསོག་གི་ཡོད་པས་དངོས་གནས་ཡིད་ཐང་ཆད་བྱེད་ཅིག་ལོས་ཡིན། མི་དམངས་ཀྱི་མིག་ནི་ཉི་མ་ལྟར་གསལ་ཤོས་ཡིན་ཞེས་བཤད་སྲོལ་ཡོད་པ་བཞིན། རྒྱ་ཆེའི་བོད་རིགས་སྤུན་ཟླ་མང་ཤོས་ཀྱིས་ཁོང་གི་མཛད་རྗེས་ལ་ཡི་རངས་དང་། བསྔགས་བརྗོད། ངོས་ལེན་དང་དཔང་པོར་གནང་གི་ཡོད།ང་ཚོས་བཙན་བྱོལ་སྤྱི་ཚོགས་ཀྱི་ལོ་རྒྱུས་ལ་ཞིབ་ཏུ་ལྟ་ཀློག་དང་དཔྱད་ཞིབ་ཞིག་བྱེད་ན། ང་ཚོས་བདེན་པའི་གཞི་བཅོལ་གྱི་ལྟ་གྲུབ་འོག་བོད་དང་རྒྱ་ནག་གཉིས་ཀར་ཕན་པའི་ཐབས་ལམ་འཚོལ་ཏེ་བོད་རྒྱ་དཀའ་རྙོག་གང་མགྱོགས་སེལ་ཐུབ་པ་འབད་བརྩོན་རབ་དང་རིམ་པ་བྱས་ཡོད། ལྷག་པར་དུས་སྐབས་ཤིག་ལ་བོད་རྒྱ་དཀའ་རྙོག་ལ་ཞི་འགྲིག་ཡོང་རེ་དང་། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་གུ་ཡངས་དང་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡོང་བའི་རེ་བ་བཅངས་སྟེ། བཙན་བྱོལ་དུ་བཟང་ཕྱོགས་ཀྱི་ཁོར་ཡུག་བསྐྲུན་པའི་ལམ་ཕྱོགས་སམ་ཐབས་ཇུས་སྤེལ་ཡོད། བཙན་བྱོལ་རྒྱ་ཆེན་མང་ཚོགས་རྒྱ་ཆ་ ༦༠ ལྷག་གི་མང་མོས་བྱུང་པ་དང་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱིས་སྤྱི་མོས་གཏན་ལ་འབེབས་པའི་སྲིད་བྱུས་དབུ་མའི་ལམ་ལ་ཡིད་ཆེས་སླེབས་ཆེད། མང་ཚོགས་ནང་ཆབ་སྲིད་ཀྱི་ལྟ་བའི་འཐེན་འཁྱེར་དབང་གིས་སྤྱི་ཚོགས་སུ་ནང་འགལ་གྱི་ཡོ་ལངས་ཆེན་པོ་ཞིག་ཀྱང་བྱུང་ཡོད་པ་རེད། བོད་རྒྱ་འབྲེལ་མོས་ཐེངས་བཅུ་ཙམ་བྱུང་ཡོད་ནའང་། གང་ལྟར་ང་ཚོས་དུས་རྟག་ཏུ་རྒྱ་ནག་གཞུང་ལ་ཕར་བསྟུན་གང་ཐུབ་བྱས་པ་ལས། རྒྱ་ནག་གཞུང་གིས་བཙན་བྱོལ་སྒྲིག་འཛུགས་ལ་ཚུར་བསྟུན་དགོས་པ་ཞིག་དེ་ཙམ་གནང་ཐུབ་མེད། ཆབ་སྲིད་རིག་པའི་ལྟ་གྲུབ་ནས་བཤད་ན། འཐབ་ཡུལ་ལ་ཕར་བསྟུན་རྐྱང་དགོས་པའི་གནས་སྟངས་འོག་སོ་སོའི་ཁེ་ཕན་དང་བདག་དབང་ལ་རྒྱལ་ཁ་ཞིག་ཐོབ་མི་སྲིད་པ་རེད། དཔེར་ན། སྒོར་མོ་མཁོ་དགོས་ཆེ་བའི་མི་ཞིག་གི་ཅ་ལག་གང་མགྱོགས་བཙོང་དགོས་པའི་གནས་སྟངས་དང་གཅིག་པ་རེད། ཚོང་པས་ཁྱེད་རང་ལ་སྒོར་མོ་མཁོ་དགོས་ཆེ་བ་ཤེས་བཞིན་དུ་ཁྱེད་ཀྱི་ཅ་ལག་ལ་གོང་ཚད་མཐོན་པོ་མི་སྤྲོད་ཐག་ཆོད་ཡིན་པ་ང་ཚོས་རྒྱུན་ལྡན་གྱི་འཚོ་བ་ནས་ཤེས་ཐུབ་པ་ཞིག་རེད། ང་ཚོ་ལ་བདེན་པ་ཡོད་ནའང་། བདེན་པ་དེ་ཉིད་རྒྱལ་སྤྱིའི་ཁྲིམས་མཐུན་དུ་བསྒྱུར་མ་ཐུབ་པར་རྒྱ་ནག་ལ་བསྟུན་མཁས་མང་དྲགས་པའི་རྐྱེན་གྱིས། བཙན་བྱོལ་བོད་ཀྱི་ཆབ་སྲིད་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་བྱུང་མེད་པ་རེད། དེ་ནི་གཙོ་བོར་ང་ཚོས་རྒྱ་ནག་གི་བོད་མིའི་སྒྲིག་འཛུགས་ལ་ཚུར་བསྟུན་དགོས་པའི་ཁྲིམས་ཐོག་གི་མ་རྩ་བསྐྲུན་མ་ཐུབ་པ་དང་ང་ཚོས་རྒྱ་ནག་གཞུང་ལ་རེ་བ་བཅངས་དྲགས་པའི་རྐྱེན་རེད། ཁྲིམས་མཐུན་གྱི་མ་རྩ་མེད་པའི་ཆབ་སྲིད་ཀྱི་འཐབ་རྩོད་ལ་གྲུབ་འབྲས་ཆེན་པོ་ཐོབ་དཀའ་ནའང་། བོད་ཀྱི་བདེན་པའི་འཐབ་རྩོད་ལས་སོ་སོའི་ཆོལ་ཁ་དང་ལུང་ཚན་གལ་ཆེ་འཛིན་པའི་བོད་མི་ཀླད་སྟོང་ཉུང་ཤས་ཀྱིས་སྔོན་བརྒྱུད་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ལ་ཡི་རངས་དང་མུ་མཐུད་དེ་ལུགས་རྒྱུན་སྐྱོང་དགོས་པའི་བསམ་བློ་འཁོར་ནས་བསྡད་ཡོད། དེ་ནི་རྒྱ་ནག་ནང་རྒྱ་མི་ཁ་ཤས་ཀྱིས་སོ་སོའི་ཁེ་ཕན་དང་ཐོབ་དབང་བསྒྲུབ་ཆེད་ལོ་རབས་བདུན་བཅུ་པའི་རིག་གནས་གསར་བརྗེ་ཆེན་མོ་བསྐྱར་ལོག་དགོས་གལ་མཐོང་བའི་ཅོལ་ཆུང་བསམ་བློ་དང་གཉིས་སུ་མེད་པ་རེད།
༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་བསླབ་ལམ་སྟོན་དང་༸ཁོང་གི་འགྲན་ཟླ་བྲལ་བའི་རྣམ་དཔྱོད་ཀྱི་རྩལ་ལས་བྱུང་བའི་དགོངས་པའི་གཟི་བྱིན་འོག་དཔལ་ལྡན་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག་གིས་ལོ་དགུ་ལྷག་གི་རིང་སྐུ་ངལ་འཛིམ་མེད་ཀྱིས་སྐུ་ལས་བསྐྱོན་པ་དང་། ཁོང་གི་ལྷན་སྐྱེས་ཀྱི་གཟི་བརྗིད་དང་རྣམ་དཔྱོད། སྦྱངས་སྟོབས་ལས་བྱུང་བའི་ཤེས་ཡོན་དང་བསམ་བློ་ལས་བོད་ཀྱི་འཐབ་རྩོད་ཀྱི་འབོད་སྒྲ་སྔ་ལྷག་འཛམ་གླིང་ཀུན་ལ་དབྱར་སྐྱེས་རྔ་ལྟར་ཇེ་གྲགས་སུ་བཏུང་ཐུབ་པ་བྱུང་ཡོད། སྒོས་སུ་དབུ་མའི་ལམ་གྱི་སྲིད་བྱུས་ལ་གསོན་ཤུགས་སྤྲོད་དེ་ཁྲིམས་མཐུན་གྱི་མ་རྩར་བསྒྱུར་བའི་གྲུབ་འབྲས་བྱུང་པ་ནི་དེ་སྔ་བཀའ་ཤག་རིམ་པས་བསྒྲུབས་མ་ཐུབ་པའི་མཛད་རྗེས་ཆེན་པོ་ཞིག་ཡིན་པར་ང་ཚོས་བློ་གཟུ་གནས་པའི་མང་ཚོགས་ཀྱིས་མཁྱེན་ལོས་དགོས། ལོ་དགུ་ལྷག་གི་རིང་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་མཛད་རྗེས་དང་དཔལ་ལྡན་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག་གིས་ཉིན་མཚན་མེད་པར་སྐུ་ལས་བསྐྱོན་པར་བརྟེན། བོད་དོན་ཐད་གྲུབ་འབྲས་མང་པོ་བྱུང་པའི་ནང་གཙོ་བོར་ཕྱི་ལོ་ ༢༠༡༢ ལོར་ཨ་རིའི་གྲོས་ཚོགས་གོང་མའི་(US Senate)་ནང་སྤྱི་མོས་གྲོས་ཆོད་འཇོག་ཏེ་བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས་ལ་བསྔགས་བརྗོད་དང་། གྲོས་ཆོད་ནང་སྲིད་སྐྱོང་མཁས་དབང་བློ་བཟང་སེངས་གེ་མཆོག་གི་མཚན་ཐེངས་བཞི་ཙམ་གསལ་པ་བྱུང་ཡོད། ཕྱི་ལོ་ ༢༠༡༩ ལོར་ཨ་རི་(House Democrative Partnership )དཔལ་ལྡན་སྲིད་སྐྱོང་མཆོག་ལ་གཞུང་འབྲེལ་གྱིས་སྣེ་ལེན་ཟབ་རྒྱས་གནང་པ་བྱུང་ཡོད། ཕྱི་ལོ་ ༢༠༢༠ ལོར་ཨ་རིའི་གཞུང་འབྲེལ་སྙན་ཐོའི་ནང་བོད་དེ་རྒྱ་ནག་གི་དམག་ཤུགས་ཀྱིས་བཙན་འཛུལ་བྱས་པའི་ས་ཆ་ཞིག་ཡིན་པ་ཡོངས་ཁྱབ་ངོས་ལེན་གནང་པ་བྱུང་ཡོད། ཉེ་བའི་ཆར་ “བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་ ༢༠༡༩” ཞེས་པ་དེ་ “བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་༢༠༢༠” ལ་བསྒྱུར་ཞིང་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་མང་མོས་གཏན་འབེབས་བྱུང་པ་མ་ཟད། ཨ་རིའི་སྲིད་འཛིན་མཆོག་གིས་མཚན་རྟགས་བཀོད་དེ་ཁྲིམས་ལུགས་ཀྱི་རང་བཞིན་དུ་བསྒྱུར་ཐུབ་པ་ནི་ལོ་རྒྱུས་དོན་སྙིང་ལྡན་པའི་ཀྱོག་མཚམས་གལ་ཆེན་ཞིག་ཏུ་གྱུར། གནད་དོན་འདིས་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་ཤིག་ཁྲིམས་ཡིག་གི་རྒྱབ་བརྟན་ཡོད་པའི་གཞུང་འབྲེལ་ཡིག་ཆ་ཞིག་ཏུ་གྱུར་ཟིན་ལ། ཁྲིམས་འཆར་དེའི་ནང་གསལ་བའི་གནས་དོན་ཡོད་ཚད་ཁ་བཤད་དོན་འཁྱོལ་མེད་པའི་སྲིད་བྱུས་ཤིག་ནས་ཁྲིམས་ཐོག་ལག་བསྟར་དགོས་པའི་འགན་ལེན་ཞིག་ཏུ་གྱུར་ཟིན་པ་རེད། དེ་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་ལོ་ངོ་ ༦༠ ལྷག་ནང་གལ་ཆེ་ཞིང་རིན་ཐང་བྲལ་བའི་གྲུབ་འབྲས་ཤིག་ཡིན་པ་སྨྲོས་མེད་རེད། དེ་བས་གལ་ཆེ་བ་ནི་གཉིས་ཕན་དབུ་མའི་ལམ་གྱི་སྲིད་བྱུས་དེ་སློང་མོ་བ་ཞིག་ནས་མ་རྩ་ལྡན་པའི་ཚོང་དཔོན་ཞིག་གི་ངོ་བོར་བསྒྱུར་ཐུབ་ཡོད། དེས་དབུ་མའི་ལམ་གྱི་སྲིད་བྱུས་ལ་དབུགས་འབྱུང་གི་ཚེ་སྲོག་བསྐྲུན་ཡོད་ལ། གྲོས་མོས་ཀྱི་རིན་ཐང་ལྡན་པའི་མ་རྩ་ཞིག་ཀྱང་ཆགས་ཡོད། དེ་སྔ་རྒྱ་ནག་ལ་ཕར་བསྟུན་གང་ཐུབ་བྱེད་པའི་ཆབ་སྲིད་ཀྱི་ཁོར་ཡུག་དང་ཁ་ཕྱོགས་དེའང་ད་ཆར་རྒྱ་ནག་གིས་བོད་མིའི་སྒྲིགས་འཛུགས་ལ་ཚུར་བསྟུན་གང་ཐུབ་མ་བྱེད་ཐབས་མེད་བྱུང་བའི་ཁོར་ཡུག་དང་ཁ་ཕྱོགས་སུ་གྱུར་ཟིན། ཆབ་སྲིད་འཐབ་རྩོད་ནང་དེ་ནི་ཆེས་གལ་འགངས་ཆེ་བའི་གནད་དོན་ཞིག་ཡིན་པ་མ་ཚད། རྒྱལ་སྤྱིའི་ཁྲིམས་ལུགས་ནས་ཀྱང་དེ་ནི་གནད་དོན་གླེང་སློང་གི་རྒྱབ་བརྟན་མཁྲེགས་པོ་ཞིག་ཏུ་ཆགས་པ་རེད། མ་ཚད། ཕྱི་ལོ་ ༢༠༢༠ ལོ་མཇུག་ཏུ་དཔལ་ལྡན་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག་ཨ་རི་གཞུང་འབྲེལ་གྱིས་ཕོ་བྲང་དཀར་པོའི་ནང་གདན་ཞུས་གནང་པ་དང་། དེ་ནི་བཙན་བྱོལ་ལོ་རྒྱུས་ནང་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་དབུ་ཁྲིད་མཚན་ཐོག་ནས་ཨ་རིའི་ཕོ་བྲང་དཀར་པོའི་ནང་གདན་ཞུ་གནང་པ་ཐེངས་དང་པོ་ཡིན། དེ་ནི་ཨ་རིའི་གཞུང་གི་བོད་མིའི་སྒྲིག་འཛུགས་ལ་གཞུང་འབྲེལ་ངོས་ལེན་གནང་པའང་ཐེངས་དང་པོ་ཡིན། ལོ་འདི་དག་གི་རིང་དཔལ་ལྡན་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག་གིས་ཨ་རི་གཙོས་རྒྱལ་ཁབ་ཁག་གི་གྲོས་ཚོགས་དང་ཕྱི་སྲིད་ལས་ཁུངས། སྲིད་འཛིན་ལས་ཁུངས་སོགས་ཀྱི་སྒོ་རེ་རེ་བཞིན་བརྡུང་ཏེ་ནང་ལ་ཆེ་མཐོང་ངང་ཕེབས་ཐུབ་པ་བྱུང་ཡོད། དེས་མ་ཚད། དེ་སྔ་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་གནད་དོན་གཙོ་བོར་བཟུང་ནས་རྒྱལ་སྤྱིའི་སྤྱི་ཚོགས་སུ་བོད་དོན་འཐབ་རྩོད་བྱས་པ་དེ་ལས་བརྒལ་ཏེ་བོད་ཀྱི་ཁོར་ཡུག་དང་ཆབ་སྲིད་ཀྱི་ས་བབས་ས་མཚམས། རྒྱལ་སྤྱིའི་འགན་དབང་འོག་ཡོད་པའི་འགྲོ་བ་མིའི་ཡོངས་ཁྱབ་ཀྱི་ཐོབ་ཐང་དང་འགན་ཁུར། ཆབ་སྲིད་ཀྱི་ལམ་ཕྱོགས་དང་སྒྲོམ་གཞི་སོགས་ཕྱོགས་གཅིག་ཏུ་སྤུངས་ནས་བོད་ཀྱི་འཐབ་རྩོད་དེ་བོད་མི་ཙམ་དུ་མིན་པར། རྒྱལ་སྤྱིའི་འབྱུང་འགྱུར་གྱི་འཚོ་སྡོད་ལ་ཐད་ཀ་འབྲེལ་བ་ཡོད་པའི་རྒྱལ་སྤྱིའི་སྤྱི་དོན་ཞིག་གི་ངོ་བོར་བསྒྱུར་འགོ་བརྩམས་ཡོད། མདོར་ན། བོད་ཀྱི་གནད་དོན་དེ་འཛམ་གླིང་མང་གཙོ་རྒྱལ་ཁབ་ཚང་མས་རང་འགུལ་གྱི་འགན་ཁུར་དགོས་པའི་གནས་དོན་ཞིག་ཏུ་ཁ་ལོ་བསྒྱུར་འགོ་བརྩམས་པ་རེད། དེ་ནི་འབྱུང་འགྱུར་ལོ་ངོ་བཅུ་ཕྲག་ཁ་ཤས་རྗེས་སུ་མངོན་གྱུར་ཡོང་བའི་རླབས་ཆེན་གྱི་གནད་དོན་ཞིག་ཡིན་ལ། མ་འོངས་བོད་ཀྱི་འཐབ་རྩོད་ལ་དོན་དམ་གྱི་ཕན་ཐོགས་ཆེ་བའི་མ་རྩ་ངོ་མ་དེའང་ཡིན། ལྷག་པར་༸རྒྱལ་བའི་ཡང་སྲིད་ཀྱི་ནང་ཁུལ་གནད་དོན་དེའང་རྒྱལ་སྤྱིའི་རང་བཞིན་དང་ཁྲིམས་ལུགས་རྒྱབ་བརྟན་ཡོད་པའི་གནད་དོན་ཞིག་ཏུ་བསྒྱུར་ཟིན་པས། མ་འོངས་༸རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་དེ་པཎ་ཆེན་སྐུ་གོང་མའི་གནད་དོན་ནང་བཞིན་གྱུར་མི་ཐུབ་པར་གཏན་ཁེལ་ཚར་པ་རེད། གང་ལྟར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་ཀྱི་རྩ་དོན་འཐབ་རྩོད་ཀྱི་དར་ལྕོག་དེ་རྒྱལ་སྤྱིའི་ཆབ་སྲིད་ཀྱི་མཁའ་དབྱིངས་སུ་སླར་ཡང་འགྲེངས་ཐུབ་པ་བྱུང་ཡོད། རླབས་ཆེན་གྱི་གྲུབ་འབྲས་དེ་དག་དབང་གིས་རྒྱ་གར་གཙོས་ཨེ་ཤི་ཡའི་མང་གཙོའི་རྒྱལ་ཁབ་ཁག་དང་ཡོ་རུབ་མཉམ་འབྲེལ་རྒྱལ་ཁབ་ཁག་གིས་ཀྱང་བོད་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་གཏོང་དགོས་ཐུབ་པའི་གནས་བབས་ཤིག་བསྐྲུན་ཟིན་པ་རེད། ང་ཚོས་ནོར་བུ་ལག་ལ་ཡོད་དུས་ནོར་ངོ་ངེས་པར་ཏུ་ཆོད་དགོས། དཔལ་ལྡན་སྲིད་སྐྱོང་མཁས་དབང་བློ་བཟང་སེངས་གེ་མཆོག་གིས་འཛམ་གླིང་རྒྱལ་ཁབ་ཁག་ཏུ་རྒྱ་ནག་གཞུང་གི་“བརྒྱུད་གཅིག་ལམ་གཅིག་” ཅེས་པའི་སྲིད་བྱུས་ལས་བྱུང་བའི་འབྱུང་འགྱུར་ཉེན་ཁའི་སྐོར་གསུང་བཤད་གནང་ཐེངས་རེ་ལ། ཤར་ནུབ་གྱི་རྒྱལ་ཁབ་མང་པོས་གདེང་འཇོག་ཆེན་པོ་གནང་གི་ཡོད་པ་མ་ཚད། སོ་སོའི་རྒྱལ་ཁབ་ཀྱིས་རྒྱ་ནག་ཐོག་འཛིན་པའི་སྲིད་བྱུས་གཏན་འབེབས་གནང་པར་ཆེས་ཕན་པའི་ནོར་བུ་ལྟ་བུའི་བཀའ་བསླབ་ཞིག་ཏུ་ངོས་འཛིན་ཐོག དཔལ་ལྡན་སྲིད་སྐྱོང་མཆོག་ལ་ཆེ་མཐོང་ཇེ་ཆེ་དང་ཡིད་མོས་ཇེ་ཟབ་འགྲོ་བཞིན་ཡོད། ཨ་རི་གཙོས་སྟོབས་ཆེན་རྒྱལ་ཁབ་ཁག་གི་དབུ་ཁྲིད་ཚོས་ཀྱང་དཔལ་ལྡན་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག་གི་བཀའ་བསླབ་ལ་ཁོངས་གཏུག་གིས་ལེགས་བྱ་ལེན་གྱི་ཡོད། ང་ཚོས་སོ་སོར་འདི་ལྟར་ཕུལ་བྱུང་གི་ཆབ་སྲིད་དབུ་ཁྲིད་ཅིག་ཡོད་པར་ཤེས་དགོས་ལ། ཁོང་ལ་རྒྱབ་སྐྱོར་གྱི་ནུས་པ་མཉམ་སྤུངས་ཐུབ་པ་ལ་འབད་དགོས།
གང་ལྟར་དཔལ་ལྡན་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག་གིས་བོད་ཀྱི་འཐབ་རྩོད་ཀྱི་ཆབ་སྲིད་དེ་ཕར་རྒྱ་ནག་གཞུང་ལ་བསྟུན་རྐྱང་མི་དགོས་པར་རྒྱ་ནག་གཞུང་གིས་བོད་མིའི་སྒྲིགས་འཛུགས་ལ་བསྟུན་གང་མཁས་བྱེད་དགོས་ཐུག་པའི་ཁ་ཕྱོགས་ཤིག་ལ་བསྒྱུར་ཡོད། ཁོང་གི་རླབས་ཆེན་གྱི་མཛད་པ་དང་ཕུགས་བརྟན་གྱི་སྲིད་བྱུས་འདིའི་ཁེ་ཕན་ནི་འབྱུང་འགྱུར་ལོ་བཅུའི་ནང་ཇེ་གསལ་ཏུ་འགྱུར་ངེས་ཡིན་པ་གདོན་མི་ཟ། ཁོང་གི་ལོ་དགུ་ལྷག་གི་རིང་ཁྲག་རྣག་གིས་བསགས་པའི་གྲུབ་འབྲས་འདི་དག་གིས་འབྱུང་འགྱུར་བོད་ཀྱི་སྲིད་སྐྱོང་དང་བཀའ་ཤག་གི་ལམ་ཁ་གཙང་གསལ་གནང་ཡོད་ལ། ཁོང་ཚོའི་ཁུར་པོའང་ཇེ་ཡང་དང་ཇེ་ཆུང་ལ་བཏང་ཡོད།