སྐུ་ངོ་རྒྱལ་ལོ་དོན་གྲུབ་ཀྱི་བཀའ་མོལ་ལ་བདེན་རྫུན་གང་ཡིན་བརྟག་པ།
ཐེངས་ 42428 བཀླགས་འདུག
སྐུ་ངོ་རྒྱལ་ལོ་དོན་གྲུབ་ཀྱི་བཀའ་མོལ་ལ་བདེན་རྫུན་གང་ཡིན་བརྟག་པ།
ཉིན་ཤས་སྔོན་སྐུའི་གཅེན་པོ་རྒྱ་ལོ་དོན་གྲུབ་ལགས་ཀྱི་ཀ་ལོན་སྦུག་གི་ཐུག་བཟོ་བ། ཟེར་བའི་དེབ་ནང་ང་ཚོས་ནམ་རྒྱུན་བོད་ཀྱི་དཔའ་བོར་ངོས་འཛིན་ཞུས་པའི་ཚ་རོང་ཟླ་བཟང་དགྲ་འདུལ་ལགས་རྐུ་མ་ཆེན་པོ་གཅིག་ཡིན་ཚུལ་དང་། ཁོང་གི་བུ་ཚ་རོང་བདུད་འདུལ་རྣམ་རྒྱལ་གྱིས་བོད་གཞུང་གི་གསེར་དངུལ་རྣམས་བསྣམས་སོང་བ་མིན་ནམ་སྙམ་ནས་དྭོགས་པ་ཡོད། ཟེར་ནས་སྤྱི་ཚོགས་ནང་གླེང་གཞི་ཆེན་པོ་གཅིག་བཟོས་སོང་། དེ་ནས་ངས་ཁོང་ཚོའི་སྐོར་གྱི་དངོས་ཡོད་གང་ཡིན་ཞིབ་ཕྲའི་གནས་ཚུལ་རང་བཞིན་གྱིས་ཤེས་འདོད་ཆེན་པོ་བྱུང་།
གང་ཡིན་ཟེར་ན། ༸གོང་ས་བཅུ་གསུམ་པའི་སྐབས་ཚ་རོང་ཟླ་བཟང་དགྲ་འདུལ་མཆོག་དུས་རབས་གོང་མའི་ནང་གི་བོད་ཀྱི་དཔའ་བོར་གྲགས་པ་ཡིན་པ་ཡང་ཡང་མྱུང་ཡོད། ཟླ་བཟང་དགྲ་འདུལ་གྱིས་ ༡༩༡༠ ལོར་ལུའུ་ཅུན་རྒྱ་དམག་ལྷ་སར་ལྷགས་ཏེ་༸རྒྱལ་མཆོག་སྐུ་འཁོར་ཉེན་ཡོལ་དུ་ཆིབས་བསྒྱུར་གནང་སྐབས། རྒྱ་དམག་དང་ཛ་དྲག་པོས་འཐབ་རྒོལ་བྱས་ནས་རྒྱ་དམག་བཀག་བསྐྱིལ་གྱིས་༸རྒྱལ་མཆོག་སྐུ་འཁོར་ལྷན་རྒྱས་རྒྱ་གར་དུ་གདན་ཞུ་མཛད་པ་དང་། ༡༩༡༡ ལོར་རྒྱ་གར་རྡོ་རྗེ་གླིང་དུ་ཡོད་སྐབས་༸གོང་ས་བཅུ་གསུམ་པ་མཆོག་གིས་བཀའ་ཕེབས་བཞིན་བོད་དུ་ཕེབས་ནས་ཡུལ་དམག་བསྡུ་རུབ་དང་རང་ཉིད་ཀྱིས་དམག་འཁྲིད་ནས་རྒྱལ་རྩེ་དང་གཞི་རྩེ། དིང་རི་བཅས་པར་རྒྱ་དམག་ཕོན་ཆེ་སྒར་བཏབ་ནས་ཡོད་པ་ཁག་སོ་སོར་དམག་འཐབ་ཀྱིས་ཕམ་པར་བྱས་ཤིང་ལྷག་ལུས་རྣམས་ཕྱིར་རྒྱ་ནག་དུ་བསྐྲད། ༡༩༡༢ ལོ་ལྷ་སའི་ཕྱོགས་ཁག་སོ་སོར་སྒར་བཏབ་ནས་རྒྱ་དམག་ཁྱོན་སྡོམ་ཆིག་ཁྲི་བདུན་སྟོང་ཙམ་ལ་དམག་འཐབ་ལན་མང་གིས་ཕམ་པར་བྱས་ནས། ལྷག་ཡོད་མཚོ་ཐོག་བརྒྱུད་ནས་ཕྱིར་ཕུད་བཏང་བ་སོགས་དཔའ་བོའི་མཛད་པ་རྒྱལ་རབས་ཏུ་འཁོད་ཡོད། ༡༩༥༨ ལོར་ཚ་རོང་ནང་མི་དང་བཅས་རྒྱ་གར་དུ་ཡོད་ཀྱང་གུང་དམག་བོད་དུ་ལྷག་ནས་ཡོད་པ་སོང་། ༸གོང་ས་མཆོག་ཉེན་ཡོལ་དུ་ཕེབས་དགོས་གལ་ཆེ་བར་ཞུ་ཆེད་དང་། གཞུང་དམངས་ལ་ཕན་རེས་སླར་བོད་དུ་ཕེབས་ནས་༸གོང་ས་མཆོག་བསྟན་སྲིད་ཀྱི་རྩ་བ་ཡིན་པས་ཉེན་ཡོལ་དུ་ཕེབས་དགོས་པ་ཞུས་པའི་སྐོར་ལ། ཚ་རོང་དཔལ་འབྱོར་ལགས་ཀྱིས་༸གོང་ས་མཆོག་ལ་དངོས་སུ་བཀའ་འདྲི་ཞུས་པའི་བཀའ་ལན་འཁོར་ཐག་ཏུ་གསལ།
༡༩༥༩ ལོའི་གྱེན་ལངས་སྐབས་མི་མང་གི་འཐུས་མི་གསར་བསྐོ་གནང་བ་དང་དེའི་ཚོགས་གཙོར་ཚ་རོང་བསྐོས་པ་ལྟར་དབུ་འཁྲིད་ནས་ཚོགས་འདུ་ཚོགས་བཞིན་པའི་སྐབས། བོད་ཀྱི་བཀའ་བློན་ནས་༸གོང་ས་མཆོག་ཕེབས་ཟིན་པའི་སྐོར་བསྒྲགས། འོན་ཀྱང་། ཚ་རོང་གིས་མི་མང་ལ་སྐུལ་སློང་གིས་རྒྱ་རྒོལ་བྱ་བའི་འཆར་གཞི་འཐེན་རུང་ཉིན་ཤས་རྗེས་རྒྱ་མིས་འཛིན་བཟུང་བྱས་ནས་༥༩ཟླ་༦ཚེས༡༤ཉིན་དམག་མིའི་བཙོན་ཁང་དུ་གཤེགས། ཁོང་གཤེགས་པའི་གནས་ཚུལ་འཛམ་གླིང་དམག་ཆེན་གཉིས་པའི་རླུང་འཕྲིན་ CBS དང་། BBC ། རྒྱ་གར་ཚགས་པར་བཅས་པར་ཁ་གསལ་བཀོད་ཡོད། བཙོན་རོགས་ལྷ་ཕྱག་ཐུབ་བསྟན་བསྟན་པ་ལགས་ནས་རྒྱ་མིས་ཁོང་ལྐོག་བཀྲོངས་བྱས་པར་ཡིད་ཆེད་གནང་ཡོད། དེ་ནི་ཁོང་གིས་རྒྱ་རྒོལ་བྱས་ཡོང་དོགས་པས་ཡིན་ངེས། ཕྱི་ལོ་ ༢༠༠༠ ལོར་༸གོང་ས་བཅུ་བཞི་པ་ཆེན་པོས་གསུང་འཕྲིན་བསྩལ་བའི་ནང་། ༼ རྒྱལ་བ་༸གོང་ས་ཐུབ་བསྟན་རྒྱ་མཚོའི་ཐུགས་བློས་འཁེལ་བའི་ཞབས་རྙིང་ཟླ་བཟང་དགྲ་འདུལ་དམ་པ་དེའི་བུ་གཞུང་ཞབས་རྙིང་ཁུངས་བདུད་འདུལ་རྣམ་རྒྱལ་ལགས་དང་། བཟའ་ཟླ་དབྱངས་ཅན་སྒྲོལ་དཀར་ཟུང་གི་དད་རྟེན་དུ། འདི་ཕྱི་ཚེ་རབས་ཀུན་ཏུ་དགེ་བའི་སྨོན་ལམ་རྗེས་འཛིན་བཅས། ༽ ཞེས་གསུངས་པ་དང་། ཡང་། ༢༠༡༣ ལོར་གསུང་འཕྲིན་རིང་པོ་གཅིག་བསྩལ་བའི་ནང་གོང་གི་ལོ་རྒྱུས་རྣམས་དང་། ༼ གཞན་ཡང་གཞུང་གི་དཔལ་འབྱོར་ཡར་རྒྱས་དང་སྤྱི་ཚོགས་བདེ་འཇགས། ཡུལ་ལུང་འཛུགས་སྐྲུན་སོགས་གང་ཅིར་ཕྱི་ནང་གི་ཤེས་རྒྱ་ཆེ་བས་ཞབས་འདེགས་ལྷག་བསམ་རྣམ་དག་ཞུས་པ་བཅས་ཀྱི་མི་སྣ་གྲགས་ཅན་མི་ཚེ་བཟང་མཐར་འཁྱོལ་བ་ཞིག་ཡིན་ ༽ ཞེས་གསུངས་འདུག
དེར་བརྟེན་ཕྲན་གྱི་ངོས་ནས། མཛད་རྗེས་ཆེ་བའི་མི་ཚེ་བཟང་མཐར་འཁྱོལ་བ་དང་། རྐུ་མ་ཆེན་པོ་གཉིས་གང་ཟག་གཅིག་གི་མི་ཚེ་ལ་ཡོང་ཐབས་རྩ་བ་ནས་མེད་པས། ༸གོང་ས་མཆོག་དང་སྐུའི་གཅེན་པོ་གཉིས་ཀྱི་གསུང་དེ་ནས་བདེན་པ་གང་ཡིན་ང་ཚོས་བལྟ་དགོས་བསམ་བྱུང་། སྐུ་ངོ་རྒྱ་ལོ་དོན་གྲུབ་མཆོག་གིས་ཚ་རོང་ཟླ་བཟང་མཆོག་རྐུ་མ་ཆེན་པོ་གཅིག་རེད་ཟེར་བ་དང་། དེའི་ཁོངས་ནི། འཇའ་པན་གྱི་གསང་ཉུལ་བ་ཧི་སའོ་ཀི་མུ་རས་ཁོང་ཉིད་ལ་༼ཚ་རོང་ནང་དུ་དངུལ་པར་རྒྱག་ཡོད་པ་མཐོང་བྱུང་༽ཅེས་བཤད་བྱུང་། དེས་ཚ་རོང་ཕྱུག་པོ་ཆགས་པ་ཡིན་སྲིད་ཅེས་གསུངས་གནང་ཡོད། དེ་ནི་ནག་ཁུང་ནང་རྡོ་འཕེན་པ་ལྟ་བུ་ལས་ཡིད་ཆེས་འོས་པ་མ་མཐོང་། འཇའ་པན་པ་ཧི་སའོ་ཀི་མུ་རས་རང་གི་ལོ་རྒྱུས་ཀྱི་དེབ་ནང་། དངུལ་པར་རྒྱག་འཕྲུལ་འཁོར་ཉར་ཚུལ་ཡིག་འབྲུ་གཅིག་ཀྱང་མེད་པ་མ་ཟད། དེ་ལས་ལྡོག་ནས་ཁོང་གི་དེབ་ནང་༼ཚ་རོང་ནི་བོད་ཀྱི་མི་རབས་གོང་མའི་ནང་གི་རྒྱལ་གཅེས་པ་ལེགས་ཤོས་ཡིན་པ་མ་ཟད་བློ་རྒྱ་ཧ་ཅང་ཡངས་པོ་དང་སྐད་གྲགས་ཀྱང་ཆེན་པོ་ཡོད་༽ཅེས་དང་། དེའི་གཤམ་དུ།༼ང་ཁོང་ལ་གུས་ཞབས་དང་བརྩི་བཀུར་ཆེ་ཤོས་ཞུ་ས་གཅིག་ལ་བརྩི་བཞིན་ཡོད་པ་ཡིན་༽ཞེས་བཤད་ཡོད། འཇའ་པན་རྒྱལ་ཁབ་ཀྱི་གསང་ཉུལ་ཁོང་རང་གིས་གུས་བཀུར་ཆེ་ཤོས་བྱེད་ས་དེ་ཡག་ཉེས་མ་ཤེས་མཁན་གྱི་ལྐུག་པ་དེ་འདྲ་ནི་ཅང་ཨེ་ཡིན།
དེ་ནས་ཚ་རོང་བུ་བདུད་འདུལ་རྣམ་རྒྱལ་དང་སྐུ་ངོ་རྒྱ་ལོ་དོན་གྲུབ་སྐོར་ལ་བལྟ་དགོས། དེ་ཡང་ཐོག་མར་ ༡༩༥༩ ལོར་བོད་ཡོངས་རྫོགས་རྒྱ་ལག་དུ་ཤོར་ནས་༸གོང་ས་མཆོག་སྟོན་འཁོར་ལྷན་རྒྱས་གཙོས་བོད་མི་འབུམ་ལྷག་རྒྱ་གར་དུ་སྐྱབས་བཅོལ་ལ་སླེབས་ཡོད་པ་དང་། སྒང་ཏོག་གི་༸གོང་ས་བཅུ་གསུམ་པའི་ཕོ་བྲང་དུ་དེ་སྔོན་ནས་གཞུང་ཞབས་རྣམ་དཔྱོད་ཅན་ཁ་ཤས་ཀྱིས་ལྷ་སའི་གཞུང་མཛོད་ནས། གསེར་དངུལ་ཕོན་ཆེ་ཙམ་དབོར་ཏེ་མ་འོངས་གཞུང་དམངས་ཆེད་དུ་ཉར་ཡོད་པ་དག་བཙོང་ནས་དངུལ་བཙན་འབྱོར་གཞུང་ལ་དགོས་པར་གཟིགས་ནས། ལས་འཆར་དེའི་འགན་འཛིན་དུ་སྐུ་ངོ་རྒྱ་ལོ་དོན་གྲུབ་བསྐོས་པ་ཡིན་འདུག ཁོང་གིས་ཚ་རོང་འདུད་འདུལ་རྣམ་རྒྱལ་གྱིས་དབྱིན་སྐད་ཤེས་པ་དང་ཚོང་པ་ཁག་ལ་འབྲེལ་ཟབ་པ་བཅས་ཀྱིས་རང་གི་གཤམ་འོག་གི་ཕྱག་རོགས་དུ་བཀའ་བཀུག་གནང་། དེ་ནས་ལོ་དེ་རང་ལ་གསེར་དངུལ་རྣམས་ཚོང་མགོ་བཙུགས་ནས་དངུལ་འབབ་ཇི་བྱུང་ཀ་ལི་ཀ་ཏའི་རྒྱ་གར་གཞུང་གི་མར་ཀན་ཊེལ་དངུལ་ཁང་དུ་བཅུག་ནས། ཞིབ་ཕྲའི་རྩིས་ཁྲ་ཚ་རོང་ནས་སྐུ་ངོ་རྒྱ་ལོ་དོན་གྲུབ་དང་ཚ་རོང་ཁོང་གཉིས་ཀྱི་མིང་ཐོག་ནས་སྐུ་སྒེར་ཡིག་ཚང་དུ་ཕུལ། དེ་རྗེས་གསེར་དངུལ་ཚོང་བའི་རིན་བབ་བྱུང་བ་གང་འཚམ་བཙན་བྱོལ་གཞུང་ལ་ལག་སོན་བྱུང་ཡང་ཆ་ཚང་བ་མིན། ལྷག་མ་མི་མངོན་པའི་ལྐོག་དུ་གྱུར་ཡོད། དེ་དུས་ལས་འཆར་དེའི་འགན་འཛིན་སྐུ་ངོ་རྒྱ་ལོ་དོན་གྲུབ་ཡིན་པས་ཁོང་ལ་དེའི་འགན་ཆེ་ཤོས་ཡོད་ཀྱང་ཁོང་གི་གཤམ་འོག་ལས་མི་ཚ་རོང་སོགས་ཡོད། དེ་ནས་ད་བར་མི་ལོ་༥༠ ལྷག་སོང་ཡང་དེའི་སྐོར་ཡོངས་གྲགས་ཀྱིས་སྐད་ཆ་བཤོད་མཁན་མ་བྱུང་།
ཉེ་ལོ་ ༢༠༡༢ ལོར་ཚ་རོང་བདུད་འདུལ་རྣམ་རྒྱལ་སྐུ་གཤེགས་པ་དང་། ད་ལོ་ ༢༠༡༥ གསར་དུ་ཐོན་པའི་སྐུ་ངོ་རྒྱ་ལོ་དོན་གྲུབ་ཀྱིས་དཔེ་དེབ་ནང་ཚ་རོང་ལ་དྭོགས་པ་ཡོད་གསུང་ཡོད་དེ་ནི་ཁྱད་མཚར་བ་ཞིག་ཏུ་མངོན། དེ་སྔོན་ཚ་རོང་སྐུ་བཞུགས་སྐབས་ཚ་རོང་ནས་༸གོང་ས་མཆོག་གི་སྐུ་སྒེར་ཡིག་ཚང་བརྒྱུད་དངུལ་རྩིས་སྐོར་བརྡ་སྤྲད་ཀྱང་དེ་དུས་སྐུ་ངོ་རྒྱ་ལོ་དོན་གྲུབ་མཆོག་གིས་ལན་ཅི་ཡང་གནང་མེད། མ་ཟད། སྐུ་ངོ་རྒྱ་ལོ་དོན་གྲུབ་ལགས་ཀྱིས་༼ངས་རྩ་ཆེའི་དངོས་པོ་བཅོལ་སའི་སྒམ་གྱི་སྐོར་གང་ཡང་ཤེས་ཀྱི་མེད་ལ་ང་ལ་ལྡེ་མིག་མེད༽ཅེས་བཤད་ཡོད། འོན་ཀྱང་གསེར་དངུལ་གྱི་ཁ་གྲངས་མང་ཉུང་མི་འདྲ་བ་མང་པོ་བཏོན་པའི་དངུལ་ཁང་གི་རྩིས་ཐོའི་སྟེང་། སྐུ་ངོ་རྒྱ་ལོ་དོན་གྲུབ་ཀྱི་ཕྱག་མཚན་ས་ཡིག་བརྒྱབ་པའི་ཡིག་ཆའི་འདྲ་བཤུས་ད་སྐབས་ཡང་རྡ་ས་བོད་ཀྱི་དཔེ་མཛོད་ཁང་སོགས་ལ་མཐོང་རྒྱུ་ཡོད་འདུག
ཁང་སར་ཚང་ཉི་མ་ནོར་བུ་ནས།