སྤྱི་འཐུས་ཚོཌ་གཙོ་སླར་ཡང་བཞུགས་ཁྲིར་འཁོར་ཏེ་ལྷིང་འཇགས་སུ་གྱུར་པ།
ཐེངས་ 13353 བཀླགས་འདུག
ཕྱི་ཟླ་ ༣ ཚེས་ ༡༩ ཡི་སྔ་དྲོར་གྲོས་ཚོགས་ནང་བོད་མིའི་སྒྲིག་འཛུགས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་རྩིས་མགོ་ཞིག་དང་འབྲེལ་ཏེ། སྤྱི་འཐུས་གྲོས་ཚོགས་ནང་དུ་བཀའ་མོལ་མི་ཉུང་བ་ཞིག་རྙོག་གླེང་དང་གཞི་འབྲེལ་དུ་གྱུར་བ་དང་། མུ་མཐུད་ནས་དེ་འབྲེལ་སྤྱི་འཐུས་ཁག་གཅིག་གིས་གཅིག་འཇུག་གཉིས་འཐུད་ཀྱིས་གསུང་མོལ་རྣོ་ངར་ཅན་དུ་སོང་བར་བརྟེན། སྤྱི་འཐུས་ཚོགས་གཙོས་གསུང་དོན། ཚོགས་གཙོའི་ལས་གནས་ནས་དགོངས་པ་ཞུ་རྒྱུ་ལས་ལམ་ཁ་གང་ཡང་མི་འདུག ད་ལྟ་སྐད་ཆ་དེ་ཤུགས་ཆེ་རུ་ཆེ་རུ་འགྲོ་རྒྱུའི་ལམ་ཁ་ཞིག་སྟོན་གྱི་འདུག དེ་ཡིན་དུས་ང་ཚོགས་གཙོའི་ལས་གནས་ནས་དགོངས་པ་ཞུས་ནས་འགྲོ་རྒྱུ་ཡིན་ཞེས་གསུངས་ཏེ། སྔ་དྲོའི་ཆུ་ཚོད་ ༡༢།༡༩ སྟེང་ཚོགས་གཙོ་གྲོས་ཚོགས་ཀྱི་ཚོགས་ཁང་ནས་ཕྱིར་ཐོན་སོང་བ་དང་ཆབས་གཅིག་གྲོས་ཚོགས་ཀྱང་དུས་མིན་ཏུ་གྲོལ་དགོས་བྱུང་ཡོད་པ་རེད། འོན་ཀྱང་། སྤྱིར་བོད་ནང་གི་ཛ་དྲག་གནས་སྟངས་དང་ལྷག་པར་ཐེངས་འདིའི་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༩ དེ་བཞིན། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་ལོ་ ༢༠༡༥ ནས་ ༢༠༡༦ བར་གྱི་སྔོན་རྩིས་གཏན་འབེབས་དང་། སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྙན་ཐོ་དང་མང་ཚོགས་རྩིས་ཕྲ་ཚོགས་ཆུང་གི་སྙན་ཐོ། ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་སྒྲིག་གཞི་དང་འབྲེལ་བའི་ཚོགས་ཆུང་གི་སྙན་ཐོ་དང་། སྦེལ་ཀོབ་འཚོ་བྱེད་སྨན་ཁང་གི་གནད་དོན་སྐོར་གྱི་རྟོག་ཞིབ་སྙན་ཐོ་བཅས་ལ་བགྲོ་གླེང་བསྐྱར་ཞིབ་དང་། བཅའ་ཁྲིམས་བསྐྱར་བཅོས་ཁག་ཅིག་ཡོང་འཆར་ཡོད་པའི་ནང་ཇོ་ནང་ཆོས་བརྒྱུད་ཀྱི་འཐུས་མིའི་སྐོར་དང་། ཨོ་སི་ཊོ་ལི་ཡ་དང་ནེའུ་ཛི་ལན་ཌིའི་ནང་སྤྱི་འཐུས་དགོས་མིན་དགོས་གྲོས་བསྡུར་ཐག་གཅོད་བྱེད་དགོས་ཀྱི་ཡོད་པ་དང་། གལ་སྲིད་གྲོས་ཚོགས་ཚོགས་མ་ཐུབ་པ་དང་སྔོན་རྩིས་གཏན་འབེབས་བྱེད་མ་ཐུབ་པ་ཡིན་ན། བཀའ་ཤག་ནས་ཀྱང་ཕྱི་ཟླ་ ༤ ཚེས་ ༡ ནས་འཛིན་སྐྱོང་གི་ཕྱག་ལས་གནང་ཐུབ་ཀྱི་མེད་པ་བཅས་ལ་བརྟེན་ནས། དེའི་ཉིན་རྒྱབ་ཆུ་ཚོད་ ༡།༣༠ སྟེང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གཙོ་སྐྱོང་འོག་མུ་མཐུད་དེ་ཕྱི་དྲོ་ཆོུད་ ༣ པའི་བར་ཚོགས་འདུ་ལྷིང་འཇགས་ངང་འཇུག་སྐྱོང་གནང་ཡོད་པ་རེད།
ཕྱི་དྲོའི་ཆུ་ཚོད་ ༣ པའི་སྟེང་གྲོས་ཚོགས་བར་མཚམས་བཞག་སྟེ། ཆུ་ཚོད་ ༣།༣༠ ནས་ ༥།༠༠ བར་སྤྱི་འཐུས་རྣམ་པའི་བཞུགས་མོལ་ཚོགས་འདུ་ཚོགས་བསྡུས་པ་དང་། ཚོགས་འདུའི་ནང་གི་སྤྱི་འཐུས་རྣམ་པའི་བཀའ་མོལ་རྣམས་ཚོགས་གཙོ་གཞོན་པ་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་བརྒྱུད་དེ། ཡོངས་གྲགས་དགོངས་ཞུ་ཟིན་པའི་སྤྱི་འཐུས་སྤེན་པ་ཚེ་རིང་མཆོག་ལ་ཞིབ་ཕྲ་ཞུས་པ་སོགས་ཀྱི་གནས་ཚུལ་ལ་བརྟེན་ནས། བོད་མི་མང་མདོ་སྨད་སྤྱི་འཐུས་སྤེན་པ་ཚེ་རིང་མཆོག་གིས་ཚོགས་གཙོའི་དགོངས་ཞུ་ཕྱིར་འཐེན་གནང་ནས་སྤྱི་འཐུས་ཚོགས་གཙོའི་མཚན་གནས་མུ་མཐུད་གཞེས་གནང་མཛད་ཡོད་པ་རེད། དེའི་ཕྱི་ཉིན་ཕྱི་ཚེས་ ༢༠ ཉིན་སྔ་དྲོ་ཆོུད་ ༩།༣༠ ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་སླར་ཡང་ཞབས་བཀྱགས་ཏུ་འཁོད་པ་དང་ཁོང་གིས་གསུང་དོན། སྤྱི་ཚོགས་ནང་ལོགས་ལ་གནས་ཚུལ་ཆེ་ཕྲ་ཆུང་གསུམ་འདྲ་མི་འདྲ་མང་པོ་ཡོང་གི་རེད། དེ་འདྲ་ཡོང་སྐབས་གནས་ཚུལ་ཆེན་པོ་དེ་ཆུང་དུ་བཟོ་རྒྱུ་དང་། ཆུང་ཆུང་དེ་ཚོ་མེད་པ་བཟོ་དགོས་པ་ཡིན་སྟབས། ཚོགས་གཙོས་མཁྲེགས་བཟུང་བྱས་ནས་བསྡད་པ་ཡིན་ན། གྲོས་ཚོགས་དང་མང་ཚོགས་ནང་ལ་བརྡབ་གསིག་གང་ལ་གང་འཚམ་ཞིག་འཕྲད་ས་རེད་བསམ་པ་རེད། གཙོ་བོ་ང་ཚོ་ཚང་མ་མི་མང་གིས་བདམས་ནས་སྤྱི་པའི་ལས་དོན་སྒྲུབ་ཆེད་འདིར་སླེབབ་ཡོད་སྟབས། ང་ཚོ་ཚང་མས་དེའི་ཐོག་ལ་ནུས་ཤུགས་སྤུངས་དགོས་པ་དེ་གལ་ཆེན་པོ་ཆགས་ཡོད། གལ་སྲིད་གནས་སྟངས་མི་འདྲ་བ་ཞིག་ཆགས་པ་ཡིན་ན་དགྲ་དགའ་གཉེན་སྡུག་གི་གནས་ཚུལ་རེད། དེ་རིང་ཚོགས་གཙོས་བློ་སྤོབས་ཆེན་པོའི་ཐོག་ནས་ཞུ་རྒྱུ་ཞིག་ལ་ཚང་མ་ཐུགས་འཚབ་མ་གནང་རོགས་གནང་། ང་ཚོ་མུ་མཐུད་འཕྱར་བ་གྲུ་འདེགས་ཐོག་ནས་ཚང་མས་ཧུར་ཐག་བྱས་ཏེ་སྤྱི་པའི་ལས་དོན་སྒྲུབ་རྒྱུར་འབད་བརྩོན་བྱེད་རྒྱུ་ཡིན་ཞེས་ཞུ་རྒྱུའི་འདོད་པ་བྱུང་། ཞེས་གསུངས་ཏེ། སྔ་དྲོའི་ཆུ་ཚོད་ ༩།༣༠ སྟེང་གྲོས་ཚོགས་ཀྱི་སྔོན་རྩིས་གཏན་འབེབས་ཀྱི་ལས་རིམ་མུ་མཐུད་མཇུག་སྐྱོང་གནང་བཞིན་པ་བཅས་ཀྱི་གནས་ཚུལ་ཐོན་སོང་། འདི་གའི་རྩོམ་སྒྲིག་པས།