བོད་མིའི་རང་དབང་སྒེར་ལངས་ཀྱི་དུས་དྲན་ཐེངས་ང་དྲུག་པ་སྲུང་བརྩི་ཞུས།
ཐེངས་ 11511 བཀླགས་འདུག
བོད་ཀྱི་རྒྱལ་ས་གཉིས་པ་བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་རྭ་བའི་ནང་། གངས་ཅན་བོད་ཀྱི་རྒྱལ་ས་ལྷ་སར་ཕྱི་ལོ་ ༡༩༥༩ ལོར། ཆོལ་གསུམ་བོད་མི་སེར་སྐྱ་ཡོངས་ནས་མ་གྲོས་བསམ་པ་གཅིག་མཐུན་གྱིས་རྒྱ་དམར་བཙན་འཛུལ་བར་ཞི་རྒོལ་ཆེད་རང་དབང་སྒེར་ལངས་བྱས་པ་ལྟར། འདི་ལོ་བོད་རབ་གནས་ཤིང་ལུག་ལོའི་བོད་ཟླ་ ༡ ཚེས་ ༢༠ དང་། ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༡༠ ཉིན། བོད་ཀྱི་གསུམ་བཅུའི་དུས་དྲན་ཐེངས་ ༥༦ པ་དང་། རྒྱལ་གཅེས་དཔའ་བོ་དཔའ་མོའི་ཉིན་མོའི་དུས་དྲན་གཉིས་ཀྱི་མཛད་སྒོ་ཕྱོགས་གཅིག་ཏུ་སྲུང་བརྩི་གཟབ་རྒྱས་ཞུས་ཡོད་པ་རེད། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་གཞུང་འབྲེལ་གྱི་མཛད་སྒོ་དངོས་གཞི་དབུ་འཛུགས་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། རང་དབང་ཅན་གྱི་ལས་ཁུངས་ཁག་གི་འགན་འཛིན་རྣམ་པ། བོད་མི་མང་སྤྱི་འཐུས་རྣམ་པས་གཙོས་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། ཕྱི་རྒྱལ་ནས་ཕེབས་པའི་སྐུ་མགྲོན་རྣམ་པ། དེ་བཞིན་སྲི་ཞུའི་ལས་བྱེད་རྣམ་པ། སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་གི་འགན་འཛིན་དང་སེར་སྐྱ་མི་མང་། སློབ་ཕྲུག་སོགས་ཁྱོན་མི་གྲངས་སྟོང་ཕྲག་བརྒལ་བ་འདུ་འཛོམས་སྟེང་མཛད་སྒོ་དངོས་གཞི་དབུ་འཛུགས་ཀྱི་ཚང་མས་སྐུ་བཞེངས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་གནང་བའི་རྗེས།
ཉིན་དེར་སྐུ་མགྲོན་གཙོ་བོ་ཇར་མན་གྲོས་ཚོགས་ German Bundestag ཀྱི་ཚོགས་གཞོན་ལྕམ་སྐུ་ཀ་ལའོ་ཌི་ཡ་རོ་ཐི་ Ms Claudia Rothམ ཆོག་གིས་གཙོའི་གསུང་བཤད་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད། བོད་མིའི་ཆབ་སྲིད་ཀྱི་དབུ་འཁྲིད་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བཀའ་ཤག་གི་གསུང་བཤད་བཅས་སྔ་ཕྱིར་གནང་སྟེ། མཛད་སྒོ་རྒྱལ་ཁའི་ངང་གྲོལ་ཡོད་པ་དང་མཛད་སྒོ་དེ་གཞུང་འབྲེལ་གྱི་ཐད་གཏོང་ཐོག་ནས་འཛམ་གླིང་དུ་ཡོངས་གྲགས་གནང་ཡོད་པ་རེད། དེ་བཞིན་ཉིན་དེར་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་རྒྱ་གར་ལྷོ་ཕྱོགས་བྷང་ལོར་དང་མེ་སོར་གྲོང་ཁྱེར། མོན་གྷོ་སོགས་རྒྱ་གར་ནང་གི་བོད་མི་གནས་སྡོད་ཀྱི་ས་ཁུལ་ཕལ་མོ་ཆེར་བོད་མི་རྣམས་མཉམ་མཛོམས་ཀྱིས་དུས་དྲན་སྲུང་བརྩི་ཞུས་ཡོད་ལ། འོན་ཀྱང་། བལ་ཡུལ་དུ་གཞུང་འབྲེལ་བཀའ་རྒྱ་དང་འབྲེལ་ཏེ་ཁུལ་དེའི་བོད་མི་རྣམས་ཀྱིས་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུ་ཐུབ་མེད་པ་རེད། རྒྱ་གར་ཙམ་མ་ཟད། ཐེ་ཝན་དང་ཧོང་ཀོང་། ཨུ་རུ་སུ་དང་ཐུ་ཝ། ཁལ་མུག བྷུར་ཡ། ཨ་རིའི་ནིའུ་ཡོག་དང་ནིའུ་ཇིར་སི། ཨོ་སི་ཊོ་ལི་ཡ། ནིའུ་ཛིར་ལན་ཌི། ཧྥན་རན་སིའི་རྒྱལ་ས་སོགས་རྒྱལ་ཁབ་གཞན་དང་གཞན་དུ་བོད་ཀྱི་གསུམ་བཅུའི་དུས་དྲན་ཐེངས་ ༥༦ པ་སྔ་ཕྱིར་སྲུང་བརྩི་ཞུས་ཡོད་པ་རེད། ཕྱི་ཟླ་༣ ཚེས་༡༠ ཉིན་གྱི་གསུམ་བཅུའི་དུས་དྲན་ཞེས་པ་ནི། བོད་ལ་རྒྱ་ནག་གི་དབང་བསྒྱུར་བྱས་པར་བོད་མི་མང་གིས་ངར་ཤུགས་ཀྱི་མཆོང་སྐྱོད་ཆེན་པོས་ངོ་རྒོལ་ཡར་ལངས་བྱས་པ་དང་ཟླ་བ་གསུམ་པའི་ཚེས་བཅུའི་དུས་དྲན་གྱི་ཉིན་མོ་སྟེ། གསུམ་བཅུའི་དུས་དྲན་ཞེས་པའི་དུས་ཚིགས་གལ་འགངས་ཅན་གྱི་ཉིན་མོ་ཞིག་ཡིན་ཞིང་། བཙན་བྱོལ་བོད་གཞུང་མང་གཉིས་ནས་ད་བར་དུས་དྲན་དེ་སྲུང་བརྩི་ཞུས་ཏེ། འདི་ལོའི་གསུམ་བཅུའི་དུས་དྲན་དེ་གསུམ་བཅུའི་དུས་དྲན་ཐེངས་ ༥༦ པ་དེ་ཆགས་ཡོད་པ་རེད།