ཐའེ་ཝན་གྱི་རྒྱལ་དར་སྒྲེང་འཛུཌ་ལ་རྒྱ་ནག་གིས་གདོང་ནག་པོ་བསྟན་པ།
ཐེངས་ 7459 བཀླགས་འདུག
ཐའེ་ཝན་གྱི་རྒྱལ་དར་སྒྲེང་འཛུགས་ལ་ངོ་རྒོལ།
ཕྱི་ལུགས་ལོ་སར་གསར་ཚེས་ཀྱི་ཉིན་དང་པོར་ཨ་རིར་བཅའ་སྡོད་ཐེ་ཝན་གཞུང་ཚབ་ཁང་རྙིང་པའི་ནང་ ཐེ་ཝན་གྱི་རྒྱལ་དར་སྒྲེང་འཛུགས་ཀྱི་མཛད་སྒོ་ཞིག་འཚོགས་ཡོད་པར་བརྟེན། རྒྱ་ནག་ཕྱི་སྲིད་མགྲིན་ཚབ་པས་ཨ་རིས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་སྲུང་བརྩི་བྱེད་དགོས་སྐོར་བརྗོད་འདུག
ཕྱི་ཟླ་༡ པོའི་ཚེས་༥ རེས་གཟའ་ཟླ་བའི་ཉིན། རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་འཆར་ཅན་གསར་འགོད་ལྷན་ཚོགས་ཐོག ཕྱི་སྲིད་མགྲིན་ཚབ་པ་ཧྥ་ཁྲུན་དབྱི་ཡིས། “ང་ཚོས་ཨ་རིར་བཅའ་སྡོད་ཐའེ་ཝན་སྲིད་གཞུང་ཚན་པའི་ནང་རྒྱལ་དར་སྒྲེང་འཛུགས་ཀྱི་མཛད་སྒོ་ཞེས་འབོད་པ་དེར་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན་པ་མ་ཟད། གནད་དོན་དེའི་ཐད་ཨ་རིའི་ཕྱོགས་ལ་དོ་ནན་གྱིས་འདྲི་རྩད་གཅོད་ཟིན་པ་དང་། རྒྱ་ནག་ཕྱོགས་ནས་ཨ་རི་ཡིས་རྒྱ་ནག་གཅིག་གི་སྲིད་བྱུས་དང་ཕྱོགས་གཉིས་ཀྱི་གྲོས་མཐུན་ཁག་བརྩི་སྲུང་དང་ལག་བསྟར་དགོས་པའི་འབོད་སྐུལ་བྱེད་རྒྱུ་ཡིན་ཞེས་བརྗོད་འདུག
ཨ་རིའི་སྲིད་གཞུང་གིས་ཕྱི་ལོ་༡༩༧༩ ལོར་ཐེ་ཝན་སྲིད་གཞུང་གི་ངོ་བོ་རྒྱ་ནག་གཞུང་ལ་བསྒྱུར་བ་ནས་བཟུང་། ཨ་རིའི་ནང་ཐེ་ཝན་གྱི་རྒྱལ་དར་སྒྲེང་འཛུགས་བྱས་པ་ཐེངས་དང་པོ་ཆགས་ཡོད་ཅིང། རྒྱལ་དར་སྒྲེང་འཛུགས་ཀྱི་མཛད་སྒོའི་སྐབས་མི་བརྒྱ་ལས་མང་བ་མཉམ་ཞུགས་བྱས་ཡོད་པ་དང་། དེའི་ཁྲོད་ཐེ་ཝན་གྱི་གནད་ཡོད་སྐུ་ཚབ་མང་པོ་ཞིག་ཀྱང་ཡོད་པ་རེད།
ཐེངས་འདིའི་ཨ་རིའི་ནང་ཐའེ་ཝན་གྱི་རྒྱ་དར་སྒྲེང་འཛུགས་ཀྱི་གནད་དོན་དེ་ཨ་རི་དང་རྒྱ་ནག་བར་གྱི་གློ་བུར་བའི་རྙོག་གླེང་གསར་ཤོས་ཤིག་ཏུ་གྱུར་ཡོད་པ་དང་། ༢༠༡༤ ལོའི་ཟླ་༡༢ པའི་ནང་ཨ་རིའི་སྲིད་འཛིན་ཨོ་བྷ་མས་ཐའེ་ཝན་ལ་དམག་གྲུ་བཞི་འཚོང་རྒྱུའི་ཁྲིམས་མཐུན་བཀའ་ཁྲོལ་བྱས་པ་དེར་རྒྱ་གཞུང་གིས་ངོ་རྒོལ་བྱས་ཡོད་འདུག
དེ་བཞིན་༢༠༠༨ ནས་བཟུང་རྒྱ་ནག་དང་ཐའེ་ཝན་བར་དཔལ་འབྱོར་དང་ཚོང་འབྲེལ་གྱི་གྲོས་མཐུན་འཆིང་ཡིག་ལན་མང་བཞག་ཡོད་ཀྱང་། ད་དུང་ཡང་དམག་དང་སྲིད་དོན་དོགས་འཆར་ཟབ་མོ་ཡོད་པ་ལས། དམིགས་བསལ་ཐའེ་ཝན་གྱི་མི་མང་པོ་ཞིག་གིས་རྒྱ་ནག་གི་དམིགས་ཡུལ་ངོ་མ་གང་ཡིན་མི་ཤེས་པའི་འཇིགས་སྣང་བྱེད་བཞིན་ཡོད་འདུག། གསར་འགྱུར་ཡོང་ཁུངས་བོད་ཀྱི་བང་ཆེན།