བོད་ཀྱི་ཡིག་གཟུཌ་སྨི་དྲུག་ཅུར་ཉེ་བའི་དཔེ་སྣ་རིང་པོ་ཞིག་འགྲེམ་སྟོན་བྱས།
ཐེངས་ 7621 བཀླགས་འདུག
བོད་མདོ་ཁམས་སྒ་སྐྱེ་དགུའི་ཡུལ་གྱི་ན་གཞོན་བྲིས་པ་དོན་འགྲུབ་ཚེ་རིང་གིས། དུས་ཡུན་ཟླ་གཉིས་ཙམ་སྤྱད་དེ་བྲིས་པའི་འགྲེམ་སྟོན་བྲིས་གཟུགས་སྣ་རིང་འདི་ལ། ལོ་པཎ་ཐོག་མ་སློབ་དཔོན་ཐོན་མི་ནས་ཉེ་རབས་ཀྱི་མཁས་དབང་ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོའི་བར། བོད་ཀྱི་དུས་རབས་རིམ་བྱུང་གི་ས་དགེ་བཀའ་རྙིང་ཇོ་ནང་བོན་དང་བཅས་ཏེ། རིས་མེད་ཀྱི་མཁས་དབང་དག་གི་གསུང་དུས་རབས་ཀྱི་སྔ་ཕྱི་ལྟར་བསྒྲིགས་ཏེ་བྲིས་ཡོད་ལ། ད་ལྟ་རེབ་གོང་ཤེས་རིག་གླིང་གི་དཔེ་མཛོད་ཁང་དང་། མདོ་སྟོད་ཡུལ་ཤུལ་ཁུལ་སྒ་སྐྱེ་དགུ་མདོ་ཡི་ཁུལ་སྒྱུ་རྩལ་མཐུན་ཚོགས་ཀྱི་བཤམ་སྟོན་ཁང་གཉིས་སུ་འགྲེམ་འཇོག་བྱས་ཡོད་པར། བསྡོམས་པས་ཤོ་ལོ་ཀ་བརྒྱ་དང་རེ་ལྔ་ཙམ་དང་རིང་ཚད་ལ་སྨི་དྲུག་ཅུ་ལ་ཉེ་བ་ཙམ་ཡོད་པ་རེད།
ན་གཞོན་ཡིག་འབྲི་བ་དོན་འགྲུབ་ཚེ་རིང་ཁོང་གིས་གསུང་ན། ང་རང་གི་བསམ་ཚུལ་སྔོན་ཆད་འབྲི་བ་ནི་དགའ་ཕྱོགས་ཙམ་ཡིན་ལ། ད་ལྟ་བལྟས་ན། བྲིས་འབྲི་སྦྱོང་བྱེད་པ་ནི་གལ་ཆེན་དུ་མཐོང་གི་ཡོད། ད་ལྟ་བོད་ཡིག་རྩིས་འཕྲུལ་དང་ཁ་པར་དུ་སྤྱོད་ཐུབ་པར་བྱུང་བ་དང་བསྟུན། བོད་ཡིག་འབྲི་མཁན་དང་འབྲི་ཤེས་མཁན་ཇེ་ཉུང་རེད། འདི་ལྟར་རྒྱུན་འབྱམས་སུ་སོང་ན། བོད་ཀྱི་ཕུན་སུམ་ཚོགས་པའི་བྲིས་གཟུགས་སྒྱུ་རྩལ་ཉམས་དམས་པར་འགྱུར་ངེས། དེ་བས་ངས་རང་གི་དགའ་ཕྱོགས་དེ་དགའ་ཕྱོགས་ཙམ་དུ་མ་བསྐྱུར་བར། བྲིས་གཟུགས་རང་གིས་འབྲི་བ་དང་གཞན་ལ་ཁྲིད་པར་ཧུར་བརྩོན་བྱེད་ཀྱིན་ཡོད། ཅེས་གསུངས་སོང་།