རྡ་རམ་ས་ལར་བོད་སྐད་གཙང་མ་བཤད་ཐུབ་མཁན་ཕལ་ཆེར་མེད་ཟེར།
ཐེངས་ 7774 བཀླགས་འདུག
ཕ་སྐད་གཙང་མ་བཤད་ཐུབ་མཁན་ཞིག་ཕལ་ཆེར་མི་འདུག
རྒྱ་གར་བྱང་ཕྱོགས་རྡ་རམ་ས་ལར་གནས་སྡོད་བཀྲ་ཤིས་གཙོས་པའི་ཁོང་གི་གྲོགས་པོ་ཁག་ཅིག་གིས་ཕ་སྐད་གཅེས་སྐྱོང་ཚོགས་པ་ཟེར་བ་ཞིག་བཙུགས་ཏེ། ཉེ་བའི་ལོ་ཤས་རིང་རྡ་སའི་ཉེ་འཁོར་གྱི་ནོར་གླིང་དང་གངས་ཅན་སྐྱིད་གཤོང་། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་། མེག་གྷན་གྱི་ཁྲོམ་གཞུང་སོགས་མི་མང་འདུ་འཛོམས་བྱེད་སའི་སུམ་མདོ་དང་སྲང་ལམ་སོགས་སུ་མ་སྐུལ་དང་བླངས་ཀྱིས། བོད་ཡིག་གི་ཐ་སྙད་གསར་པའི་རིགས་སྦྱར་འགྲེམ་གྱི་ལས་འགུལ་ཞིག་སྤེལ་བཞིན་འདུག་པ་དང་། འདི་གའི་གསར་འགོད་པས་ཕ་སྐད་གཅེས་སྐྱོང་ཚོགས་པའི་ཚོགས་གཙོ་བཀྲ་ཤིས་དང་ཚོགས་གཞོན་རབ་བརྟན་ལགས་གཉིས་ལ་ཐ་སྙད་གསར་པ་ཁྱབ་སྤེལ་དང་འབྲེལ་བའི་སྐོར་ནས་བཅར་འདྲི་བྱས་ཡོད།
དྲི་བ། ཁྱོད་ཀྱིས་ཕ་སྐད་གཅེས་སྐྱོང་ཚོགས་པ་ཟེར་བ་ཞིག་བཙུགས་ཏེ་ཐ་སྙད་གསར་པ་ཁྱབ་སྤེལ་གྱི་ལས་འགུལ་འདི་འདྲ་ཞིག་སྤེལ་དགོས་པའི་རྒྱུ་མཚན་དང་ཀུན་སློང་ཅི་ཞིག་ཡིན་ནམ།
ཚོགས་གཙོ་བཀྲ་ཤིས། སྤྱིར་རང་ཉིད་ཀྱིས་ལས་འགུལ་འདི་སྤེལ་དགོས་པའི་རྒྱུ་མཚན་དང་ཀུན་སློང་འདི་འདྲ་ཞིག་གང་ནས་བྱུང་བའི་སྐོར་ནས་བཤད་ན། ཕྱི་ལོ་ཉིས་སྟོང་བདུན་ལོའི་ཟླ་བདུན་པའི་ནང་ཤེས་རབ་དགའ་ཚལ་སློབ་གླིང་དུ་སློབ་ཞུགས་བྱས་ཏེ་ལོ་གསུམ་བཞི་ཙམ་རིང་སྡོད་པའི་རིང་། སློབ་གྲྭའི་ནང་གི་དགེ་རྒན་དང་ལས་བྱེད། སློབ་གྲོགས། ཕྱི་ནས་ཕེབས་པའི་གཏམ་བཤད་གནང་མཁན་སོགས་ཐམས་ཅད་ལ་བལྟས་ཡོང་སྐབས། ཕ་སྐད་གཙང་མ་བཤད་ཐུབ་མཁན་ཞིག་ཕལ་ཆེར་མི་འདུག་ཟེར་ནའང་ཆོག་པ་ལྟ་བུ་ཞིག་རེད། དེའི་རྒྱུ་རྐྱེན་གང་ཞིག་ལ་ཐུག་འདུག་ཅེས་བསམ་བློ་ཞིབ་ཏུ་གཏོང་པ་ཡིན་ན། ཐ་སྙད་གསར་པས་འདང་གི་མེད་པ་ཧ་ཅང་གསལ་པོ་རེད། རྒྱུ་མཚན་དང་རྒྱབ་ལྗོངས་དེ་དག་ལ་བརྟེན་ནས་ཕྱི་ལོ་ཉིས་སྟོང་བཅུ་ཟླ་བ་གསུམ་པའི་ནང་ང་ཚོ་སློབ་གྲྭར་ཡོད་པའི་སྐབས། སློབ་གྲོགས་ཚོགས་མི་བཅུ་བདུན་ཙམ་ཡོད་པའི་ཡབ་སྐད་གཅེས་སྐྱོང་ཚོགས་པ་ཟེར་བ་ཞིག་བཙུགས་ཏེ། ཐ་སྙད་གསར་པ་དཔར་སྐྲུན་དང་ཁྱབ་སྤེལ་གྱི་ལས་འགུལ་ཞིག་སྤེལ་བ་ཡིན་ཡང་། ཤེས་རབ་དགའ་ཚལ་སློབ་གླིང་གི་སྒྲིག་གཞི་གཞིར་བཟུང་སློབ་གྲྭའི་ར་སྐོར་ནང་དུ་ཚོགས་པ་འདི་འདྲ་ཞིག་བཙུགས་ཆོག་གི་མེད་ཅེས་སློབ་གྲྭའི་འགན་འཛིན་གྱིས་བཀའ་ཕེབས་པར་བརྟེན། སློབ་གྲྭའི་ནང་མུ་མཐུད་དུ་སྐད་ཡིག་གཅེས་སྐྱོང་གི་ཚོགས་པ་འདི་གནས་ཐུབ་པ་མ་སོང་། ང་ལྟ་བུར་མཚོན་ན་དེའི་རྗེས་སུ་ཉིས་སྟོང་བཅུ་གཉིས་ལོར་སློབ་གྲྭ་ནས་མཐར་ཕྱིན་ཏེ་སྤྱི་ཚོགས་ནང་དུ་ཐོན་ཡོང་སྐབས། བོད་མི་བརྒྱ་ཆ་བརྒྱད་ཅུ་དགུ་བཅུ་ཙམ་གྱིས་ཕ་སྐད་གཙང་མའི་ལམ་ནས་གཏམ་འགོ་རྔ་མ་ཕུད་ཐུབ་ཀྱི་མི་འདུག དེ་མི་ཐུབ་པའི་རྒྱུ་མཚན་ཡང་གོང་དུ་ཞུས་ཟིན་པ་ལྟར་ཐ་སྙད་གསར་པའི་འདང་གི་མེད་པ་དང་། དེ་འདང་པའི་ཆེད་དུ་ཐབས་ཤེས་གང་འདྲ་འདུག་ཅེས་ཞུས་ན། ཐ་སྙད་གསར་པ་དཔར་སྐྲུན་དང་ཁྱབ་སྤེལ། སློབ་སྦྱོང་བྱ་རྒྱུ་དགོས་རྒྱུ་ནི་ཁ་ཚ་དགོས་གཏུག་གི་གནད་དོན་ཞིག་ཆགས་ཀྱི་ཡོད་རེད། དེར་བརྟེན་རང་ཉིད་ལ་ཤེས་འཇོན་དང་དེ་བཞིན་དུས་ཚོད་འགྲོ་གྲོན། ས་ཆ་སོགས་ཀྱི་མཐུན་རྐྱེན་འཛོམས་པོ་གང་ཡང་མེད་པའི་གནས་སྟངས་འོག་ཡོད་ཀྱང་། སེམས་ཤུགས་དང་ཀུན་སློང་རྣམ་པར་དག་པའི་སྒོ་ནས་ཐ་སྙད་གསར་པ་ཁྱབ་སྤེལ་གྱི་ལས་འགུལ་འདི་འགོ་བཙུགས་པ་ཡིན་ལ། ཐོག་མར་བོད་ནས་ཐོན་པའི་<<བོད་རྒྱ་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་རིས་འགྲེལ་མིང་མཛོད་>>ཀྱི་དཔེ་དེབ་ཕྲེང་དང་པའི་ནང་གི་བོད་རྒྱ་དབྱིན་གསུམ་ཤན་སྦྱར་ཙམ་མ་ཟད། པར་རིས་དང་བཅས་པ་མཉམ་དུ་ཡོད་པའི་བོད་ཡིག་གི་ཐ་སྙད་གསར་པ་རྣམས་ཤོག་ངོས་རེ་རེ་བཞིན་པར་བཤུས་བྱས་ཏེ། རྡ་ས་ནོར་གླིང་ཉེ་འཁོར་གྱི་བོད་མི་མང་པོ་འཛོམས་སའི་ལམ་སུམ་མདོར་རུ་ཆེད་དུ་ཤིང་གི་ནག་པང་ཞིག་བཟོས་ཏེ་དེའི་ཐོག་འཆར་ཅན་ལྟར་ཐ་སྙད་གསར་པ་སྦྱར་འགྲེམ་བྱས་སྐབས། ནོར་གླིང་དུ་ཡོད་པའི་བོད་མི་ཧ་ཅང་མང་པོ་ཞིག་གིས་ལས་འགུལ་འདིར་ཡི་རང་དང་རྒྱབ་སྐྱོར། ལས་འགུལ་འདི་མུ་མཐུད་ཡར་རྒྱས་གཏོང་ཐུབ་ན་ཡག་པོ་འདུག་ཅེས་སྐུལ་སློང་གནང་མཁན་ཡང་མང་པོ་ཞིག་བྱུང་སྟབས། ང་ཚོ་གྲོགས་པོ་གསུམ་བཞི་ཞིག་གིས་ཕ་སྐད་གཅེས་སྐྱོང་ཚོགས་པ་ཟེར་བ་འདི་གསར་དུ་བཙུགས་ཏེ། ཚོགས་པ་ཞིག་གི་ངོ་བོའི་ཐོག་ནས་ལས་འགུལ་འདི་ཡར་རྒྱས་གོང་སྤེལ་གྱི་ལམ་ནས། བཞུགས་སྒར་རྡ་སའི་ཉེར་འཁོར་གྱི་ནོར་གླིང་དང་གངས་ཅན་སྐྱིིད་གཤོང་། མེག་གྷན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་། ས་རཱ་བོད་ཀྱི་མཐོ་སློབ་སློབ་གཉེར་ཁང་སོགས་ས་ཁུལ་བཞིར་བོད་ཡིག་གི་ཐ་སྙད་གསར་པ་ཟླ་རེར་ཐེངས་གཉིས་ལ་སྦྱར་འགྲེམ་དང་ཁྱབ་སྤེལ་གྱི་ལས་འགུལ་སྤེལ་བ་ཡིན།
དྲི་བ། ཕ་སྐད་གཅེས་སྐྱོང་ཚོགས་པའི་ངོས་ནས་ད་ལྟའི་བར་བོད་ཡིག་དང་བོད་སྐད་ཐོག་གི་ཐ་སྙད་གསར་པའི་རིགས་པར་བསྐྲུན་དང་ཁྱབ་སྤེལ་གྱི་ལས་འགུལ་སྤེལ་ནས་གྲུབ་འབྲས་གང་འདྲ་ཞིག་བྱུང་སོང་སྙམ་གྱི་ཡོད།
ཚོགས་གཞོན་རབ་བརྟན། ང་རང་ཉིད་ལ་ཆ་མཚོན་ན། ཐོག་མར་སྐད་ཡིག་གཅེས་སྐྱོང་གི་ལས་འགུལ་འདི་འདྲ་ཞིག་སྤེལ་དགོས་པའི་དམིགས་ཡུལ་གཙོ་བོ་དེ་ད་ལྟའི་ཛ་དྲག་པའི་བོད་ཀྱི་སྐད་ཡིག་གི་གནས་སྟངས་སྤྱི་དང་། ལྷག་པར་དུ་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་གི་ཕ་སྐད་གཙང་མའི་གནས་བབ་ཧ་ཅང་ཉམ་ཕྲ་བ་ཞིག་གི་འོག་ཏུ་ཡོད་པ་འདི་མཐོང་སྐབས། བོད་མི་རེ་རེར་འཁྲི་བའི་འོས་འགན་ཞིག་ཡིན་པའི་འདུ་ཤེས་ཀྱིས་ལས་ཀ་འདི་བྱས་པ་ཡིན། གཉིས་ནས་ངའི་གྲོགས་པོ་བཀྲ་ཤིས་ཀྱིས་ལས་འགུལ་འདི་ཐོག་མར་སྤེལ་སྐབས་ཁོང་ལ་རྒྱབ་སྐྱོར་གྱིས་ཚུལ་དུ་མཉམ་ཞུགས་བྱས་ཏེ་ཡོང་བ་ཞིག་ཀྱང་ཡིན། ཡིན་ནའང་། ང་རང་ཉིད་ལ་ཤེས་ཡོན་དང་ཉམས་མྱོང་དེ་བཞིན་འཇོན་ཐང་སོགས་གང་ཡང་མེད་སྟབས། གྲུབ་འབྲས་ཆེན་པོ་ཞིག་དང་ནུས་པ་ཤུགས་ཆེན་ཞིག་ཐོན་ཐུབ་པའི་རེ་བ་ཆེན་པོ་དེ་ཙམ་མེད་ཀྱང་། ལས་འགུལ་འདི་ད་ལྟའི་བར་རང་ཉིད་ཀྱི་ངོ་ཤེས་དང་གྲོགས་པོ་སོགས་བརྒྱུད་ནས་ཤེས་རྟོགས་བྱུང་བ་ལྟར་ན། དོ་སྣང་ཡོད་མཁན་གྱི་བོད་མི་མང་པོ་ཞིག་ལ་ཐ་སྙད་གསར་པ་ཁྱབ་སྤེལ་གྱི་ལས་འགུལ་འདིས་ཕན་ཐོགས་ངེས་ཅན་ཡོང་གི་འདུག་བསམ་པ་བྱུང་སོང་། དཔེར་རང་ཉིད་ལ་ཆ་བཞག་ནས་བཤད་པ་ཡིན་ནའང་། ཐོག་མར་བོད་སྐད་ནང་གི་ཐ་སྙད་གསར་པའི་རིགས་བརྒྱ་ཆ་བརྒྱའི་ནང་ནས་ཉིས་ཤུ་ཙམ་མ་གཏོགས་ཤེས་ཀྱི་མེད་ཀྱང་། འདི་ལ་སེམས་ཤུགས་ཀྱི་ཐོག་ནས་དོ་སྣང་དང་སློབ་སྦྱོང་བྱས་པ་ཡིན་ན་ཐ་སྙད་གསར་པ་རིགས་མང་པོ་ཞིག་ཤེས་ཡོང་གི་འདུག་ལ། གྲོགས་པོ་སོགས་ཀྱི་ནང་དུའང་ཕན་ཚུན་གླེང་མོལ་དང་ཁ་བརྡ་བྱེད་སྐབས་སྦྲགས་སྐད་མི་ཤོར་བ་སོགས་ལ་ཕན་ཐོགས་དཔེ་མི་སྲིད་ཡོང་གི་འདུག དེ་བཞིན་བོད་མི་གཞན་དག་ཕ་སྐད་གཙང་མ་ལ་དགའ་ཞེན་ཡོད་མཁན་མང་པོ་ཞིག་ལ་དོ་སྣང་སླེབས་ཐུབ་པ་དང་། སེམས་ཤུགས་སྤར་ཐུབ་པའི་ཕན་ཐོགས་གང་མཚམས་ཤིག་བྱུང་སོང་སྙམ་གྱི་འདུག
དྲི་བ། མ་འོངས་པར་ཕ་སྐད་གཅེས་སྐྱོང་ཚོགས་པའི་ངོས་ནས་ཐ་སྙད་གསར་པ་ཁྱབ་སྤེལ་དང་འབྲེལ་བའི་ལས་འགུལ་ཡར་རྒྱས་དང་རྒྱ་ཆེར་གཏོང་འཆར་ཡོད་དམ།
བཀྲ་ཤིས། ད་ལྟ་ང་ཚོ་ཚོགས་པའི་ངོས་ནས་སྤེལ་བཞིན་པའི་ཐ་སྙད་གསར་པའི་སྦྱར་འགྲེམ་ཀྱི་ལས་འགུལ་ནང་། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་གཙོས་པའི་བོད་མདོ་དབུས་ཁམས་གསུམ་གྱི་མཁས་དབང་ལྔ་བཅུ་ལྷག་གིས་མཉམ་དུ་རྩོམ་སྒྲིག་བྱས་པའི་<<བོད་རྒྱ་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་རིས་འགྲེལ་མིང་མཛོད་>>དེབ་ཕྲེང་དང་པོའི་ནང་གི་ཐ་སྙད་གསར་པ་རྣམས་འགྲོ་བཞིན་པ་དང་། ད་དུང་མུ་མཐུད་དུ་དེབ་ཕྲེང་གཉིས་པ་སྔར་བཞིན་སྦྱར་བྱང་གི་ལམ་ནས་ཁྱབ་གདལ་དང་འགྲེམ་སྤེལ་སོགས་བྱ་རྒྱུ་ཡིན་ལ། གོ་ཐོས་བྱུང་བ་ལྟར་ན་ད་ལྟའི་ཆར་དེབ་ཕྲེང་གསུམ་པ་སྒྲིག་བཞིན་ཡོད་ཚོད་འདུག ད་ལྟ་ང་ཚོས་ཁྱབ་སྤེལ་བྱེད་བཞིན་པའི་དེབ་ཕྲེང་དང་པོ་འདི་ཡོངས་སུ་མཇུག་རྫོགས་མཚམས། ང་ཚོ་ཚོགས་པའི་ངོས་ནས་ཐ་སྙད་གསར་པའི་སྐོར་ལ་ཡིག་རྒྱུགས་ཀྱི་ལམ་ནས་མགྲན་བསྡུར་གྱི་ལས་འགུལ་ཞིག་སྤེལ་ཐུབ་ན་བསམ་པའི་འཆར་གཞི་དང་རེ་བ་ཞིག་ཡོད།
དྲི་བ། ད་ལྟའི་བར་ཁྱོད་ཕ་སྐད་གཅེས་སྐྱོང་ཚོགས་པས་འདས་པའི་ལོ་གཅིག་ལྷག་གི་རིང་ལས་འགུལ་རིམ་པ་མང་པོ་ཞིག་སྤེལ་ཡོད་པ་བཞིན། ལས་འགུལ་འདི་སྤེལ་བའི་སྐབས་སུ་དཔལ་འབྱོར་ཐོག་དཀའ་ངལ་འདྲ་འཕྲད་ཀྱི་འདུག་གམ།
བཀྲ་ཤིས། ཚོགས་པ་འདི་ཐོག་མར་བཙུགས་སྐབས་ངའི་སྤུན་མཆེད་ཁ་ཎ་ཌར་གནས་བཞུགས་བསྟན་འཛིན་དར་རྒྱས་ཀྱིས་ཧིན་སྒོར་ཁྲི་གཅིག་དང་། གྲོགས་པོ་བརྩོན་འགྲུས་ཀྱིས་ཧིན་སྒོར་ལྔ་སྟོང་ཞལ་འདེབས་ཕུལ་བར་བརྟེན་ནས་ལས་ཀ་འགོ་བཙུགས་ཐུབ་པ་བྱུང་བ་དང་། དེའི་རྗེས་སུ་ཚོགས་པའི་ཚོགས་མི་རེ་རེའི་ལག་ནས་ཚོགས་དངུལ་བསྡུས་ཏེ་འགྲོ་སོང་གཏོང་གི་ཡོད་མ་གཏོགས། སྦྱིན་བདག་དང་དཔལ་འབྱོར་གྱི་རྒྱབ་རྟེན་ཆེན་པོ་གང་ཡང་མེད་ཀྱང་། ཚོགས་དངུལ་ལ་བརྟེན་ནས་ད་ལྟའི་བར་འགྲོ་སོང་ཐད་དཀའ་ངལ་ཆེན་པོ་གང་ཡང་འཕྲད་མ་སོང་ལ། དེ་བཞིན་ནོར་གླིང་དུ་གནས་བཞུགས་ཨེམ་ཆི་ཁྱུ་གསར་རྣམ་རྒྱལ་ལགས་ཀྱིས་ང་ཚོ་ཚོགས་པའི་ལས་འགུལ་ལ་རྒྱབ་སྐྱོར་ཆེད་ཟླ་རེར་ཧིན་སྒོར་ལྔ་བརྒྱ་རེ་གནང་བཞིན་པ་དང་། གོ་སྐབས་འདི་བརྒྱུད་ནས་ཁོང་ལ་ཐུགས་རྗེ་ཆེ་ཞུ་བ་ཡིན།
དྲི་བ། བཅར་འདྲིའི་གོ་སྐབས་འདི་བརྒྱུད་ནས་བོད་མི་རྒྱ་ཆེའི་མང་ཚོགས་ལ་ཕ་སྐད་གཙང་མ་བཀོལ་སྤྱོད་དང་འབྲེལ་བའི་སྐོར་ལ་རེ་བ་དང་འབོད་སྐུལ་འདྲ་ཞུ་རྒྱུ་ཡོད་དམ།
བཀྲ་ཤིས། ང་ཚོ་བཙན་བྱོལ་བོད་པའི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་སློབ་གྲྭ་ཁག དགོན་སྡེ་ཁག དེ་བཞིན་འགོ་ཁྲིད་དང་མི་མང་། སྐྱ་སེར་ཕོ་མོ་སུ་འདྲ་ཞིག་ཡིན་ནའང་གོང་དུ་བཞུགས་མཁན་གྱི་དབུ་ཁྲིད་རྣམ་པ་ནས་འགོ་ཁྲིད་དེ་བོད་སྐད་ཀྱི་ལམ་ནས་ཐ་སྙད་གསར་པར་ཐུགས་སྣང་དང་སློབ་སྦྱོང་། བཀོལ་སྤྱོད་བྱེད་དགོས་པ་དེ་ཧ་ཅང་གི་གལ་ཆེན་པོ་རེད་ལ། བོད་མི་རེ་རེའི་ངོས་ནས་སོ་སོ་རང་ཉིད་ནས་འགོ་བཙུགས་ཏེ་སྦྲགས་སྐད་མི་ཤོད་པ་དང་། བོད་ཡིག་བོད་སྐད་ཀྱི་ཐ་སྙད་གསར་པ་རྣམས་ཉིན་རྒྱུན་འཚོ་བའི་ནང་བེད་སྤྱོད་པའི་གོམས་གཤིས་ཤིག་འཇགས་ཐུབ་པ་བྱ་རྒྱུ་ཧ་ཅང་གལ་ཆེ། ལྷག་པར་དུ་གཞིས་བཞུགས་བོད་མི་རང་ལུས་མེར་སྲེག་གནང་མཁན་གྱི་དཔའ་བོ་དཔའ་མོ་ཚོའི་ཆེད་དུའང་རེ་སྐུལ་ཡིན། རྒྱུ་མཚན་གང་ཡིན་ཟེར་ན། དཔའ་བོ་དཔའ་མོ་དེ་དག་གི་ཁ་ཆེམས་ནང་བོད་ཀྱི་སྐད་དང་ཡི་གེ ཆོས་དང་རིག་གཞུང་བདག་འཛིན་དང་གཅེས་སྐྱོང་དགོས་གལ་ཆེན་པོ་ཡིན་པ་གསལ་པོར་འཁོད་ཡོད་སྟབས། ཁོང་ཅག་གི་རེ་འདུན་ཆུད་ཟོས་སུ་མ་གཏོང་བར་དོན་འཁྱོལ་ཡོང་བ་བྱ་རྒྱུ་གལ་ཆེན་པོ་ཡིན་པ་ནི་ཀུན་གྱིས་མཁྱེན་གསལ་རེད། མཐའ་མཇུག་ཏུ་ངེད་ཕ་སྐད་གཅེས་སྐྱོང་ཚོགས་པའི་ལས་འགུལ་ལ་བོད་མི་མང་ཚོགས་ཀྱིས་མུ་མཐུད་རྒྱབ་སྐྱོར་གནང་བའི་རེ་བ་ཡོད། ཐུགས་རྗེ་ཆེ།། གནས་ཚུལ་ཡོང་ཁུངས་བོད་ཀྱི་བང་ཆེན། ༢༠༡༤ ཟླ་བ་ ༡༠ ཚེས ༩ དུས་ཚོད ༤:༤༢༠ ཕྱི་དྲོ།