བཀའ་ཁྲོལ་གྱི་འོག་ནས་ཆུ་སྒང་དབུས་རྒྱུན་གྱི་ལས་དོན་བྱེད་ཕྱོགས་སྐོར།
ཐེངས་ 7584 བཀླགས་འདུག
ཆུ་སྒང་དབུས་རྒྱུན་སྐབས་༢༠ པའི་ཚོགས་འདུ།
མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་རྒྱུན་སྐབས་༢༠ པའི་ཚོགས་དུས་གཉིས་པ་དེ་ཉིན་གྲངས་གསུམ་རིང་ལྡི་ལིར་འཚོགས་ཏེ། དེར་དབུས་རྒྱུན་ ༡༠ མཉམ་ཞུགས་ཀྱིས་འདས་པའི་ཟླ་གསུམ་རིང་གི་ལས་བསྡོམས་སྒྲོགས་སྦྱང་དང་། མ་འོངས་པའི་ལས་དོན་བྱེད་ཕྱོགས་སོགས་ཀྱི་ཐོག་བགྲོ་གླེང་བྱེད་ཀྱི་ཡོད་པ་རེད། དེ་ཡང་ཟླ་འདིའི་ཚེས་༦ ཉིན་གྱི་སྔ་དྲོ་ཆུ་ཚོད་༩།༣༠ ཀྱི་ཐོག་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་རྒྱུན་སྐབས་༢༠ པའི་ཚོགས་དུས་གཉིས་པ་དེ། ལྡི་ལི་བསམ་ཡས་གླིང་ཆུ་སྒང་དབུས་ལས་ཁུངས་སུ་དབུ་འཛུགས་ཀྱི་མཛད་སྒོ་ཞིག་འཚོགས་ཡོད་པ་དང་། ཚོགས་འདུ་དེར་དབུས་རྒྱུན་༡༠ མཉམ་ཞུགས་གནང་ཡོད་པ་རེད། མཛད་སྒོའི་ཐོག་མར་ཚོགས་གཙོས་ཚོགས་འདུ་དབུ་འཛུགས་ཀྱི་གཏམ་བཤད་གྲུབ་རྗེས། རྒྱུན་བཞུགས་དབུས་རྒྱུན་ཚོགས་གཞོན་གླིང་ཚང་ཚེ་རྡོས། འདས་པའི་ཟླ་གསུམ་རིང་གི་ལས་བསྡོམས་སྒྲོགས་སྦྱང་དང་། དབུས་རྒྱུན་དངུལ་གཉེར་གོ་བོ་བློ་བཟང་ཕན་བདེས་ཟླ་བ་གསུམ་རིང་གི་རྩིས་ཁྲ་སྒྲོགས་སྦྱང་། དེ་བཞིན་ཆུ་སྒང་དྷ་ས་དབུས་ཡན་ལག་ལས་ཁང་གི་འགན་འཛིན་དབུས་རྒྱུན་དྲུང་གཞོན་ངག་དབང་ཐར་པས། དྷ་ས་དབུས་ཡན་ལག་ལས་ཁང་གི་ཟླ་གསུམ་རིང་གི་ལས་བསྡོམས་དང་རྩིས་ཁྲ་སྒྲོགས་སྦྱང་གནང་རྗེས་ལས་བསྡོམས་དང་རྩིས་ཁྲའི་སྐོར་ལ་བགྲོ་གླེང་གནང་ཡོད་པ་རེད། དེ་བཞིན་ཉིན་གཉིས་པ་དང་གསུམ་པར་ཆུ་སྒང་ལོ་རྒྱུས་དེབ་ཕྲེངས་ལྔ་པ་རྩོམ་སྒྲིག་བྱེད་ཕྱོགས་དང་། སློབ་ཡོན་དང་འབྲེལ་བའི་ལས་གཞི་གཏན་འབེབས། ཆུ་སྒང་ལས་ཤག་གཉིས་དང་གསོལ་ཐབ་གསར་རྒྱག་སྐོར། ཆུ་སྒང་ཚོགས་མིའི་ལག་དེབ་གསར་བཟོའི་སྐོར། གཞན་ཡང་ཚོགས་གཙོའི་བཀའ་འཁྲོལ་འོག་མ་འོངས་ལས་དོན་བྱེད་ཕྱོགས་བཅས་ཀྱི་སྐོར་ལ་བགྲོ་གླེང་གནང་བཞིན་ཡོད་པ་རེད། གནས་ཚུལ་ཡོང་ཁུངས་བོད་ཀྱི་བང་ཆེན། ༢༠༡༤ ཟླ་བ་ ༡༠ ཚེས ༨ དུས་ཚོད ༤:༡༢༠ ཕྱི་དྲོ།