བཙུན་མའི་འཇང་དགུན་ཆོས་ཐེངས་ཉི་ཤུ་པ་དེ་རྡ་སར་ཚོཌ་སོང་།
ཐེངས་ 7936 བཀླགས་འདུག
བཙུན་མའི་འཇང་དགུན་ཆོས་ཐེངས་ཉི་ཤུ་པ་དེ་བཞིན། ཕྱི་ལོ་ ༢༠༡༤ ཕྱི་ཟླ་ ༡༠ ཚེས་ ༠༡ ཉིན་རྡ་སའི་ཉེ་འགྲམ་གྱི་བཙུན་དགོན་སྒྲོལ་མ་གླིང་དུ་ཚོགས་པ་ཡོད་རེད། ཐེངས་འདིའི་འཇང་དགུན་ཆོས་སུ་རྡ་སའི་ཉེ་འགྲམ་གྱི་བཙུན་དགོན་དགེ་ལྡན་ཆོས་གླིང་དང་། བཙུན་དགོན་འཇམ་དབྱངས་ཆོས་གླིང་། བཙུན་དགོན་སྒྲོལ་མ་གླིང་བཅས་བཙུན་དགོན་གསུམ་མཉམ་ཞུགས་གནང་ཡོད་འདུག
ལོ་སྔོན་མར་བཙུན་མའི་འཇང་དབྱངས་དགུན་ཆོས་ལ་བཙུན་དགོན་བརྒྱད་མཉམ་ཞུགས་གནང་ཡོད་ཀྱང་། ད་ལོའི་ལྷོ་ཕྱོགས་སུ་༸གོང་ས་མཆོག་གི་གསུང་ཆོས་སོགས་དུས་ཚོད་བྲེལ་ཟིང་ཆེ་བ་བཅས་ཀྱིས། བལ་ཡུལ་དང་ལྷོ་ཕྱོགས་ཀྱི་བཙུན་དགོན་སོགས་བཙུན་དགོན་མང་པོས་ཐེངས་འདིའི་འཇང་དབྱངས་དགུན་ཆོས་སུ་མཉམ་ཞུགས་གནང་ཐུབ་མེད་པ་རེད། གོང་ཚེས་ཉིན་གྱི་སྔ་དྲོ་ཆོུད་ ༩ སྐར་མ་ ༣༠ ཐོག་བཙུན་མའི་འཇང་དགུན་ཆོས་ཐེངས་ཉི་ཤུ་པའི་དབུ་འཛུགས་མཛད་སྒོ་ཞིག་བཙུན་དགོན་སྒྲོལ་མ་གླིང་དུ་ཚོགས་ཡོད་པ་དང་། མཛད་སྒོ་དེའི་སྐུ་མགྲོན་གཙོ་བོ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་དྲུང་ཆེ་མཆོག་དང་། རྒྱལ་ཡོངས་བཙུན་མའི་ལས་འཆར་གྱི་ངེས་སྟོན་པ། དབུས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བཅས་ཆེད་ཕེབས་གནང་ཡོད་པ་རེད།
རྒྱལ་ཡོངས་བཙུན་མའི་ལས་འཆར་གྱི་ངེས་སྟོན་པ་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་གིས། ༸གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་འཇང་དབྱངས་དགུན་ཆོས་ཚོགས་པའི་གོ་སྐབས་ཤིག་ཡོད་པ་རེད། འཇང་དབྱངས་དགུན་ཆོས་ཚོགས་པ་དེས་ལུང་པ་གཅིག་ནང་ཚང་མ་འཛོམས་ཏེ་ནང་ཁུལ་ངོ་སྤྲོད་བྱ་རྒྱུ་ཞིག་ཡོང་ཀྱང་། གལ་ཆེ་ཤོས་དེ་སོ་སོའི་ཤེས་ཚད་ཀྱི་ཐོག་ནས་ནུས་པ་འདོན་པའི་སེམས་ཤུགས་འཕར་མ་སླེབས་པའི་གོ་སྐབས་བཟང་པོ་ཞིག་རེད། ཕྱི་ནས་འཇང་དབྱངས་དགུན་ཆོས་ཚོགས་སོང་ཟེར་དུས་ལས་སླ་པོ་ཞིག་མཐོང་གི་རེད་དེ། འཇང་དབྱངས་ཚོགས་པའི་སྐབས་སུ་འགྲོ་སོང་ག་ཚོད་ཅིག་འགྲོ་ཡི་ཡོད་རེད། དེའང་ངེས་པར་དུ་ཤེས་པ་བྱ་དགོས། ཞེས་དང་། མུ་མཐུད་གསུང་དོན། དགེ་བཤེས་མའི་ཡིག་ཚད་བཏང་ནས་ལོ་གཉིས་པ་ཕྱིན་ནས་གསུམ་པ་འགྲོ་རྒྱུ་རེད། ལོ་བཞི་པར་དགེ་བཤེས་མའི་ལག་ཁྱེར་ལེན་ཐུབ་ཀྱི་རེད། དེ་ནི་ཧ་ལས་པའི་གཟི་བརྗིད་ཆེན་པོ་ཞིག་རེད། བོད་རྒྱལ་ཁབ་ནང་ད་ལྟའི་བར་བྱུང་མ་མྱོང་བའི་གྲུབ་འབྲས་ཤིག་རེད། སོ་སོས་དགའ་པོའི་ཐོག་ནས་ལག་ཁྱེར་དེ་ལེན་ཐུབ་པ་ཞིག་བྱེད་དགོས་བསམ་པའི་བློ་སྟོབས་དང་བརྩོན་འགྲུབ་བྱེད་དགོས། སློབ་སྦྱོང་ཚད་མཐོ་པོ་དེ་འདྲ་ཞིག་ལ་སླེབས་ཚར་དུ་མིའི་དཀྱིལ་ལ་སོ་སོ་ལ་སྤྱི་སེམས་ཡོད་པ་ང་རྒྱལ་མེད་པ་དེ་འདྲ་ཞིག་མ་བྱེད་ན་འགྲིག་གི་ཡོད་པ་མ་རེད། ཅེས་སོགས་གསུངས།
རྒྱལ་ཡོངས་བཙུན་མའི་ངེས་སྟོན་པའི་ཕྱག་རོགས་བཙུན་མ་བློ་བཟང་བདེ་ཆེན་ལགས་ཀྱིས་གསུང་དོན། ངེས་སྟོན་པས་གསུངས་པ་ནང་བཞིན། ཞི་ཞིང་དུལ་བའི་སྤྱོད་པ་ཞིག་ཁྱེར་ནས་མི་ལ་ཕན་ཐོགས་ག་རེ་བྱེད་ཐུབ་ཀྱི་འདུག་བལྟས་པ་ཡིན་ན། ང་ཚོའི་སློབ་སྦྱོང་བྱས་པ་དེའི་དགོས་པ་འགྲུབ་པ་རེད། དང་པོ་ནས་དགོངས་པ་ཡག་པོ་བཞེས་དགོས། འཛམ་གླིང་ཁྲ་ཁྲ་ཟིང་ཟིང་འདིའི་ནང་གོ་རྒྱུ་མང་པོ་དང་མཐོང་རྒྱུ་མང་པོ་ཆགས་ཡོང་དུས། སོ་སོའི་དམིགས་ཡུལ་དེའི་ཐོག་ལ་དགོངས་པ་ཡག་པོ་ཞིག་མ་བཞེས་ན། རང་ཉིད་སྤྱི་ཚོགས་ནང་ཆོས་དང་འཇིག་རྟེན་གང་གི་ཐད་ཡོན་ཏན་ཡོད་པའི་མི་ཞིག་མིན་ཡང་། སྤྱི་ཚོགས་ནང་ཉམས་མྱོང་གང་ལ་གང་འཚམས་ཤིག་བསགས་ཚར་ངེས་ཀྱི་མི་ཞིག་ཡིན་དུས། སོ་སོའི་དམིགས་ཡུལ་དེ་དམ་པོ་བྱས་ནས་མ་ཉར་ན་རྗེས་སུ་དམིགས་ཡུལ་བརླགས་ནས་ཕ་རིར་ལྕི་བ་མེད་པ། ཚུལ་རིར་སླེ་པོ་མེད་པ། ཟེར་བ་ནང་བཞིན་ཞིག་ཆགས་པ་ཡིན་ན། ཕམ་པོ་ཞེ་དྲག་རེད་ཅེས་ཞུ་ཡི་ཡོད། དེ་ཚོ་ཐུགས་ལ་བཞག་གནང་རོགས། ཞེས་སོགས་གསུངས་སོང་།