ལྷོ་ཁ་རྫོང་གི་བཙོན་ཁང་ནས་གྲྭ་བཞི་བཙོན་ཁང་དུ་བསྐྱལ་ཡོད་པ་རེད།
ཐེངས་ 7672 བཀླགས་འདུག
བལྟ་རྒྱ་དང་མཐོང་རྒྱ་ཆེ་རུ་འགྲོ་བའི་ཕན་ཐོགས་ཡོང་གི་འདུག
དུས་རྒྱུན་དུ་འཚོ་བའི་ནང་དྲང་པོ་དྲང་ཞག་ཐོག་ནས་མི་ཡག་པོ་ཞིག་བྱེད་རྒྱུ་དེ་ང་རང་གི་ངོས་ནས་གལ་ཆེན་པོ་ཞིག་མཐོང་གི་འདུག འདི་ག་བོད་ཀྱི་ཆ་ཕྲིན་གསར་འགོད་པས་ཆབ་སྲིད་བཙོན་ཟུར་ཡེ་ཤེས་ཐབས་མཁས་ལགས་ལ་བཅར་འདྲི་བྱས་པ་ཞིག་གཤམ་དུ་བཀོད་ཡོད་པས་གཟིགས་པར་འཚལ།
༡ དྲི་བ། ཐོག་མར་ཁྱེད་རང་གི་སྐོར་ལ་ངོ་སྤྲོད་ཞིག་གནང་རོགས་གནང་།
ལན། ངའི་མིང་ལ་ཡེ་ཤེས་ཐབས་མཁས་ཟེར། རང་ལོ་༤༥དང་སྐྱེ་ས་ལྷོ་ཁ་གོང་དཀར་རྫོང་ནས་ཡིན། ང་རང་ལོ་བདུན་མ་གཏོགས་སློབ་གྲྭ་འགྲོ་བའི་གོ་སྐབས་ཐོབ་མྱོང་མེད། དེ་རྗེས་༡༩༨༩།༣པའི་ནང་ང་ཚོ་ཁྱོན་མི་དྲུག་ལྷོ་ཁའི་ཞང་ནང་ཕྱིན་ནས། བོད་རང་བཙན་ཡིན་པའི་སྐད་འབོད་དང་རྒྱ་བོད་གཉིས་ཀྱི་སྐད་ཡིག་ཐོག་ནས་བོད་རང་བཙན་གཙང་མ་ཡིན། ང་ཚོ་ལ་འགྲོ་བ་མིའི་ཐོབ་ཐང་དགོས་ཡོད་ཅེས་ཡིག་ཆ་བཀྲམས་པ་ཡིན། དེ་རྗེས་ས་གནས་ཉེན་རྟོག་པས་ང་ཚོ་མི་དྲུག་འཛིན་བཟུང་བྱས་ནས་བཙོན་འཇུག་བྱས་པ་རེད། ཕྱི་ལོ་༡༩༩༠ལོར་ལྷོ་ཁ་རྫོང་གི་བཙོན་ཁང་ནས་གྲྭ་བཞི་བཙོན་ཁང་ནང་བསྐྱལ་བྱུང་།
༢ དྲི་བ། ཆབ་སྲིད་བཙོན་པ་ཆགས་པའི་བརྒྱུད་རིམ་ཞིག་ངོ་སྤྲོད་གནང་རོགས་གནང་།
ལན། ང་ཚོ་མི་དྲུག་པོ་དེ་ཞི་བའི་ངོ་རྒོལ་བྱེད་པར་འགྲོ་རྒྱུ་གཏན་འཁེལ་བྱུང་མ་ཐག་ལྷོ་ཁའི་སྤྱི་བདེ་ལས་ཁུངས་དང་། རྒྱ་གཞུང་གི་ལས་ཁང་བཅས་ཚང་མིའི་སྒོ་ཁར་ཕྱིན་ནས་བོད་རང་བཙན་ཡིན། བོད་ནང་འགྲོ་བ་མིའི་ཐོབ་ཐང་དགོས་ཡོད། ༧རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག་ཅེས་སྐད་འབོད་བྱས་ནས་འཛིན་བཟུང་བྱས་པ་རེད།
༣ བཙོན་པ་བྱེད་སྐབས་དཀའ་སྡུག་ག་རེ་ག་རེ་མྱངས་ཡོད་དམ་དེའི་སྐོར་ལ་ངོ་སྤྲོད་ཞིག་གནང་རོགས་གནང་།
ལན། ལྷོ་ཁའི་བཙོན་ཁང་ནང་ལ་བསྡད་པའི་རིང་ཆ་བཞག་ན། དྲི་གཅོད་བྱེད་སྐབས་རྡུང་རྡེག་བྱེད་པ། གློག་རྒྱུག་གི་གཞུ་བ། ཉིན་གང་ཁང་པའི་ནང་བཅུག་པ། ཁ་ལག་གི་གྲོད་ཁོག་མ་རྒྱགས་པ། དགུན་ཨ་ཧྲང་ད་ཧྲང་སྐབས་དམར་ཧྲེང་ཕུད་ནས་ཆུ་ཚོད་གཉིས་གསུམ་རིང་ཁང་པའི་ཕྱི་ལ་བཞག་པ་བཅས་དཀའ་ངལ་མང་པོ་ཞིག་མྱང་དགོས་བྱུང་།
༤ དྲི་བ། དུས་བཀག་བཙོན་འཇུག་ལོ་ག་ཚོད་དང་བཙོན་པའི་ནག་ཉེས་ཇི་ལྟར་ཡིན་ནམ།
ལན། གསར་བརྗེའི་ངོ་ལོག་པ་་རེད། རྒྱལ་ཁབ་ཁ་བྲལ་གཏོང་གི་ཡོད་པ་རེད་ཟེར་ནས་ལོ་གསུམ་བཙོན་འཇུག་བྱས་བྱུང་།
༥ དྲི་བ། བཙན་བྱོལ་ལ་ཕེབས་པའི་བརྒྱུད་རིམ་ཇི་ལྟར་ཡིན་ནམ།
ལན། དེ་རྗེས་ལོ་གསུམ་ཚང་ནས་གློད་གྲོལ་བྱུང་རྗེས་གྲྭ་སར་ཕྱིན་ནས་དཔེ་ཆ་བལྟས་ནས་བསྡོད་རྒྱུའི་འཆར་གཞི་ཡོད། འོན་ཀྱང་རྒྱ་གཞུང་གིས་དགོན་པའི་ནང་ལ་བཞག་མ་སོང་། དེ་ནས་ང་རང་ལྷ་སར་ལས་ཀ་བྱེད་ཞོར་བསྡད་རྒྱུ་བྱས་ནས་ཕྱིན་པ་ཡིན། དེ་ལ་ཡང་ང་རང་འདུག་སའི་ཁྱིམ་ལ་ཡང་སེ་ཡང་སེ་ཉེན་རྟོག་པ་སླེབས་ནས་ཁང་པའི་ནང་རྔོག་བཤེར་བྱེད་པ་ལ་སོགས་པ་ག་དུས་ཡིན་ཡང་ལྟ་སྐོར་ཡིན་ཟེར་ནས་སུན་པོ་བཟོས་ཙང་རྒྱ་གར་ལ་མི་ཡིང་ཀ་མེད་བྱུང་སོང་། དེ་རྗེས་ང་ཚོ་མི་༢༨གངས་རིན་པོ་ཆེ་རྒྱུད་ནས་བཙན་བྱོལ་ལ་ཡོང་བ་ཡིན་ལམ་བར་དུ་ཉིན་༤༠འགོར་སོང་།
༦ དྲི་བ། བཙན་བྱོལ་ལ་ཕེབས་པའི་རྗེས་ལ་ཕན་ཐོག་གང་དང་གང་བྱུང་ཡོད་དཀའ་ངལ་ལ་གདོང་ལེན་གང་དང་གང་བྱེད་དགོས་ཀྱི་འདུག
ལན། ཟླ་བ་གསུམ་སྣེ་ལེན་ཁང་ནང་བསྡད་པ་ཡིན་དེ་གེའི་མཐུན་འགྱུར་འོག་ཤེས་རབ་དགའ་ཚལ་སློབ་གླིང་དུ་འགྲོ་བའི་གོ་སྐབས་ཐོབ་བྱུང་། སློབ་གྲྭ་དེར་ལོ་གསུམ་རིང་སློབ་སྦྱོང་བྱས་པ་ཡིན། དེ་རྗེས་མེག་ལོར་ལ་ང་རང་གི་འཚོ་ཐབས་ཆེད་ཟ་ཁང་ཆུང་ཆུང་ཞིག་བཙུགས་ནས་བསྡད་པ་ཡིན། ཕན་ཐོག་ལ་ཆ་བཞག་པ་ཡིན་ལྟ་རྒྱ་དང་མཐོང་རྒྱ་ཆེ་རུ་འགྲོ་སོང་དེ་ང་རང་གི་ཕན་ཐོག་ཞིག་རེད་དྲན་གྱི་ཡོད།
༧ དྲི་བ། བོད་དོན་ཆེད་མ་འོངས་པར་ཕྱག་ལས་གང་དང་གང་གནང་འདོད་ཡོད་དམ་དམ་བཅའ་ག་རེད་བཞག་ཡོད་དམ།
ལན། མ་འོངས་པར་བོད་མི་རིགས་ཀྱི་ཆེད་ཕན་མ་ཐོག་ན་ཡང་གནོད་པ་མི་བྱེད་པའི་བསམ་བློ་ཞིག་ཡོད། ང་རང་གི་ངོས་ནས་གང་ཐུབ་ཐུབ་དེའི་ཐོགལ་འབད་བརྩོན་བྱེད་ཀྱི་ཡོད།
༨ དྲི་བ། གོང་གི་དྲི་བ་དང་མ་འབྲེལ་བའི་གལ་གནད་ཆེ་བ་གང་གསུང་རྒྱུ་ཡོད་དམ།
ལན། བཙན་བྱོལ་ནང་བསྡོད་པའི་རིང་མི་རིགས་རང་གཉིད་ཀྱི་སྐད་ཡིག་གཙོ་བོར་བཟུང་ནས་ཤེས་བྱ་རིག་པའི་གནས་ལ་སྦྱང་བཙོན་བྱེད་རྒྱུ་དང་། དུས་རྒྱུན་དུ་འཚོ་བའི་ནང་དྲང་པོ་དྲང་ཞག་ཐོག་ནས་མི་ཡག་པོ་ཞིག་བྱེད་རྒྱུ་དེ་ང་རང་གི་ངོས་ནས་གལ་ཆེན་པོ་ཞིག་མཐོང་གི་འདུག གནས་ཚུལ་ཡོང་ཁུངས་ཤམ་བྷ་ལའི་ཕོ་ཉ། ༢༢༠༡༤།༠༩།༢༩ ཉིན་སྤེལ།