ང་ཚོ་ཚང་མ་བཙན་འཛུལ་བའི་མི་རྒྱུད་རེད། ཅེས་བྲིས་ཤག
ཐེངས་ 10345 བཀླགས་འདུག
འགྲོ་བ་མིའི་རིགས་ལ་གནད་དོན་གཉིས་ཏེ། ང་གང་ནས་ཡོང་དང་ང་ག་བར་འགྲོ་ཅེས་པ་དེ་གཉིས་རེད། ག་བར་འགྲོ་མིན་ནི་དཀོན་མཆོག་ལས་ཤེས་མཁན་མེད། གང་ནས་ཡོང་མིན་ནི་ཤེས་ཐབས་ཡོད་དེ་ང་ཚོའི་མེས་པོའི་རྐང་རྗེས་འཚོལ་ནས་སོང་ན་ཤེས་ཀྱི་རེད།
རྩོམ་པ་པོ། དཔལ་འབྱོར་ཆེད་མཁས། ཝང་ཟི་བྱང་། གནས་ཚུལ་ཡོང་ཁུངས་ཤམ་བྷ་ལའི་དྲ་ཚིགས། ༢༠༡༤།༠༩།༠༤ཉིན་སྤེལ།
རྒྱ་ནག་ཚན་རིག་ཁང་གིས་ཡཱོན་མོ་མི་དང་པེ་ཅིང་མི་ནི་དེང་རབས་མིའི་རིགས་ཀྱི་མེས་པོ་མ་རེད། ཅེས་པའི་གསར་འགྱུར་ཞིག་སྤེལ་བར་ཝེ་པོ་དྲ་ལམ་ཐོག་མི་འགའི་ཁོང་ཁྲོ་སློང་ཡོད་པ་རེད། མེས་པོའི་དུར་ས་ལོ་ངོ་ཁྲི་བརྒྱའི་སྔོན་དུ་བསྔོགས་ཡོད་པ་རེད།
དེའི་མཇུག་འབྲས་ཀྱིས་མི་རིགས་རིང་ལུགས་པ་རྣམས་ཡིད་མུག་ཅིང་ཡིད་ཐང་ཆད་དགོས་པའང་བཟོས། འགྲོ་བ་མིའི་རིགས་ལ་གནད་དོན་གཉིས་ཏེ། ང་གང་ནས་ཡོང་དང་ང་ག་བར་འགྲོ་ཅེས་པ་དེ་གཉིས་རེད། ག་བར་འགྲོ་མིན་ནི་དཀོན་མཆོག་ལས་ཤེས་མཁན་མེད། གང་ནས་ཡོང་མིན་ནི་ཤེས་ཐབས་ཡོད་དེ་ང་ཚོའི་མེས་པོའི་རྐང་རྗེས་འཚོལ་ནས་སོང་ན་ཤེས་ཀྱི་རེད།
ཚེས་༢༦ ཉིན། རྒྱ་ནག་ཚན་རིག་ཁང་གིས་གོང་གསལ་གསར་འགྱུར་དེ་བཀོད་རྗེས་མི་ཁག་ཅིག་ཁོང་ཁྲོ་ལངས་པ་དང་། དེའང་བཙན་ཐབས་ཀྱི་སྒོ་ནས་ཁོ་ཚོའི་མེས་པོ་བཅོས་བསྒྱུར་བཏང་ནས་ངོ་ཚ་དང་དམའ་འབེབས་ཐེབས་པ་ལྟ་བུ་རེད། གནས་ཚུལ་དེས་དེང་གི་རྒྱ་ནག་མི་ནི་གླེན་ལྐུག་ཅི་ཙམ་ཡིན་མིན་གསལ་བཤད་བྱས་ཡོད། འགྲོ་བ་མིའི་རིགས་ཀྱི་འབྱུང་ཁུངས་སྐོར་འཛམ་གླིང་ཡོངས་ཀྱིས་དེའི་སྐོར་ཆེད་ལས་མཁས་པ་ཚོས་གཅིག་གྱུར་གྱིས་འགྲོ་བ་མིའི་རིགས་ཀྱི་གནའ་བོའི་མེས་པོ་ནི་ལོ་ངོ་ཁྲི་བརྒྱ་ཁྲག་འགའི་སྔོན་གྱི་མི་ནག་རྒྱལ་ཁབ་བམ་ཨཱ་ཧྥི་རི་ཁའི་གླིང་ནས་བྱུང་བར་གཅིག་མཚུངས་བཤད་ཀྱི་ཡོད། ཤེས་བྱ་དེའི་སྐོར་དཔེ་དེབ་དང་དྲ་རྒྱ་སྣ་ཚོགས་ནས་འཚོལ་ཐུབ་པ་མ་ཟད། རྒྱ་ནག་གིས་ཕྱི་རྒྱལ་ནས་ནང་འདྲེན་བྱས་པའི་དངོས་བྱུང་གློག་བརྙན་ནས་ཀྱང་མཐོང་ཐུབ། འོན་ཀྱང་མི་མང་པོས་ཤེས་བྱ་དེ་དག་ལ་སློབ་སྦྱོང་མ་བྱས་པར་གཏན་ཚིག་ག་རེ་ཡིན་ཡང་བཤད་ཕོད་ཀྱི་ཡོད་པ་དེ་ནི་གནས་སྟངས་མི་ཤེས་མཁན་ལ་ཞེད་སྣང་མེད་ཅེས་པའི་དཔེ་ལྟར་རེད།
ང་ཚོའི་ལོ་རྒྱུས་དེབ་ནང་དེང་དུས་ཀྱི་ལོ་རྒྱུས་རྫུན་བཟོ་བྱས་པ་མ་ཚད། གནའ་དུས་ཀྱི་ལོ་རྒྱུས་ལའང་རྫུན་བཟོ་བྱས་ཡོད། ལོ་རྒྱུས་དེབ་ཕྲེང་ཡོངས་སུ་རྒྱ་ནག་གི་ས་འདིར་ཡཱོན་མོ་མིའི་རིགས་དང་ལཱན་ཐན་མི། ཏཱིང་ཚུན་གྲོང་གི་མི། པེ་ཅིང་བྲག་ཕུག་གི་མི་བཅས་བྱུང་ཚུལ་བཤད། དེ་ནས་མིའི་རིགས་འདི་ཚོའི་གྲལ་དེ་རྗེས་ཚང་མ་རྩ་མེད་སོང་བའི་སྐོར་བཤད་མེད། དེ་མིན་དེང་གི་རྒྱ་ནག་མི་ནི་ཡཱོན་མོ་མི་དང་ལཱན་ཐན་མི། ཏཱིང་ཚུན་གྲོང་གི་མི། པེ་ཅིང་བྲག་ཕུག་གི་མི་བཅས་ནས་ད་བར་བརྒྱུད་མཐུད་ཡིན་པ་ལྟར་མངོན་གསལ་མེད་པའི་འགྲེལ་བརྗོད་བྱས་ཡོད།
གོང་གསལ་ཚེས་༢༦ ཉིན་གྱི་གསར་འགྱུར་དེས་རྒྱ་ནག་ཚན་རིག་ཁང་ཁཱོན་མིན་སྲོག་ཆགས་ཞིབ་འཇུག་ཁང་གི་འགོ་འཛིན་ཀྲཱང་ཡ་ཕིང་གི་སྐད་ཆ་བརྒྱུད་བཀོད་བྱས་ཡོད་དེ། ཐད་ཀར་ཡཱོན་མོ་མི་དང་པེ་ཅིང་ཡཱོན་མོ་མི་ལ་ཁ་གཏད་དེ་བཤད་ཡོད། འོན་ཀྱང་རྒྱ་ནག་གསར་འགོད་པས་གཅིག་མཚུངས་ཀྱི་ནད་རྙིང་སྟེ་དེར་འུར་བརྗོད་བྱས་ཏེ་བཞག གསར་འགྱུར་དེའི་ནང་། འགན་འཛིན་ཀྲཱང་ཡ་ཕིང་གིས་དབུ་འཁྲིད་པའི་ཞིབ་འཇུག་ཁང་གིས་མ་དཔེ་ ༦༠༠༠ ལ་རྟོག་དཔྱོད་བྱས་པར་བརྟེན། མ་དེབ་དེ་དག་ནང་མ་རྡུལ་ DNA སྐྱེ་དངོས་ཕྲ་མོའི་རིགས་ཀྱི་ཚང་མ་ཨཱ་ཧྥི་རི་ཁ་ནས་འགོ་བརྩམས་ཡོད་པར་ཤེས་ཡོད་པ་ལས། དེ་མིན་ཡཱོན་མོ་མིའི་རིགས་དང་པེ་ཅིང་ཀྲོའུ་ཁུ་ཏན་མི་རྒོད་ལྟ་བུའི་གནའ་བོའི་རིགས་ཀྱིས་དེང་རབས་རྒྱ་ནག་ལ་ལེགས་སྐྱེས་ག་རེ་ཕུལ་མིན་སྐོར་ཤེས་རྟོག་བྱུང་མེད་པ་རེད། དབུ་འཁྲིད་ཀྲཱང་ཡ་ཕིང་གི་ཞིབ་འཇུག་ཁང་ནས་མེས་པོ་མིའི་རིགས་རྒྱུད་དེ་ཤར་ཨ་ཧྥི་རི་ཁ་ནས་ནུབ་ཤར་གླིང་དུ་འབྱོར་ཞིང་། དེ་ནས་ཤར་གླིང་ལྷོ་ཕྱོགས་བརྒྱུད་རྒྱ་མཚོའི་ཐིག་ནས་གང་མགྱོགས་གནས་སྤོས་ཏེ་ལྷོ་ཤར་གླིང་གི་སྐམ་ས་ནས་ཤར་ལྷོའི་ཤར་གླིང་བརྒྱུད་བྱང་ཕྱོགས་ཀྱི་ཤར་གླིང་ལ་ཁ་ཕྱོགས་ནས་སོང་ཡོད་པ་སོགས་གསལ་ཡོད།
གལ་ཏེ་གསར་འགྱུར་ནང་འགྲེལ་བརྗོད་བྱས་པ་དེར་གཞིགས་ཚེ། ཀྲཱང་ཡ་ཕིང་དང་ཁོའི་དཔུང་ཁག་ནས་ཤེས་རྟོག་བྱུང་བ་དེས་འཛམ་གླིང་ཡོངས་ལ་གཡོ་འགུལ་ཐེབས་ཐུབ། དོན་དངོས་ཐོག་གསར་འགྱུར་དེས་རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་གང་ཡང་བཞག་མེད། གང་ཡིན་ཟེར་ན་འགྲོ་བ་མིའི་རིགས་ནི་ཨཱ་ཧྥི་རི་ཁ་ནས་བྱུང་ཞིང་། རྒྱ་ནག་ཏུ་བྱུང་མྱོང་བའི་ཡཱོན་མོ་དང་ཏཱིང་ཚུན་མི། པེ་ཅིང་གི་མི་རྒོད་ཚང་མ་རྩ་མེད་སོང་བ་རེད། དེ་ནི་ཤེས་རིག་ཁོར་ཡུག་ཏུ་ཚང་མས་སྔ་ར་ནས་ཤེས་རྟོགས་གྱུར་བའི་གཅིག་འགྱུར་གྱི་ལྟ་བ་ཞིག་རེད།
ལ་ལས་ད་ལྟའི་ལྟ་བ་གཙོ་བོ་ནི་འཛམ་གླིང་ཐོག་གི་མིའི་རིགས་ཀྱི་འབྱུང་ཁུངས་གཅིག་གྱུར་ཡིན་ལ་ཨ་ཧྥི་རི་ཁ་ནས་བྱུང་ཞེས་བཤད། འོན་ཀྱང་དེ་མིན་མཁས་པ་ཁག་ཅིག་གིས་དེ་ནི་གླིང་ཕྲན་རེ་རེའི་འབྱུང་ཁུངས་རེ་ཡོད་ཅེས་པ་དེ་ནི་ཕྱོགས་འགལ་མེད་པའི་ལྟ་བ་ལྟ་བུ་ཡིན་རུང་དེའང་ནོར་འཁྲུལ་ཞིག་རེད།
ཨ་ཧྥི་རི་ཁ་ནས་བྱུང་ཚུལ་གྱི་ལྟ་བ་དེ་ནི་གནའ་སྔ་མོའི་མི་རིགས་ཀྱི་འབྱུང་ཁུངས་བཤད་སྟངས་ཡིན་པ་དང་། དེའང་ལོ་ངོ་ཁྲི་༢༠ སྔོན་དུ་དེང་རབས་མིའི་འབྱུང་ཁུངས་རེད། སོ་སོའི་ཁྱབ་ཁོངས་ནས་བྱུང་ཚུལ་བཤད་པ་དེ་ནི་དེང་རབས་མིའི་འབྱུང་སྟངས་ཙམ་དང་། དེའང་ལོ་ངོ་ཁྲི་བརྒྱ་ཕྲག་ཁ་ཤས་སྔོན་ཨ་ཧྥི་རི་ཁའི་མིའི་རིགས་རྒྱུད་འཛིན་བྱས་པའི་རྨང་གཞིའི་ཐོག སླར་དེང་རབས་མི་ནི་ཨ་ཧྥི་རི་ཁ་གླིང་ནས་སྐམ་ས་གཞན་ལ་གནས་སྤོས་པ་དང་། དེ་ནི་ལོ་ངོ་ཁྲི་བརྒྱ་ཕྲག་ཁ་ཤས་སྔོན་སྐམ་ས་གཞན་དུ་གནས་སྤོས་པའི་ཨ་ཧྥི་རི་ཁའི་མི་ཡིན་ཞིང་། དེ་ནས་སོ་སོའི་ཁྱབ་ཁོངས་ནང་མུ་མཐུད་འགྱུར་ལྡོག་བྱུང་ནས་དེང་རབས་མིའི་རིགས་མི་འདྲ་བ་བྱུང་བ་ཡིན་སྲིད་པ་རེད།
༢༠༠༩ ལོར་རྒྱ་ནག་ཚན་རིང་ཁང་གིས་རྒྱ་ནག་མིའི་མེས་པོ་ཚང་མ་ཨ་ཧྥི་རི་ཁ་ནས་ཡིན་མི་སྲིད། ཅེས་པའི་གསར་འགྱུར་ཞིག་སྤེལ་ཡོད། དེའི་ནང་གི་ཚང་མ་ཨ་ཧྥི་རི་ཁ་ནས་ཡིན་མི་སྲིད། ཅེས་པའི་ཚིག་ཐོག་ནས་རྒྱ་ནག་ཚན་རིང་ཁང་གིས་ཀྱང་ང་ཚོའི་ཆེས་ཐོག་མའི་མེས་པོ་དེ་ཨ་ཧྥི་རི་ཁའི་མི་ཡིན་པའི་རིག་པའི་གཞུང་ལུགས་དེར་ངོས་འཛིན་བྱས་ཡོད་པར་མཐོང་ཐུབ།
དེང་སང་རྒྱལ་ཁབ་གང་གིས་མཁས་པ་ཉུང་ཕྱོགས་ནས་དེང་རབས་མིའི་རིགས་ནི་སོ་སོའི་ཁྱབ་ཁོངས་མི་འདྲ་བ་ནས་བྱུང་ཚུལ་གྱི་ལྟ་བ་རྒྱུན་མཐུད་བྱེད་ཀྱི་ཡོད་དམ། དེ་ནི་ཤར་གླིང་གི་མཁས་པ་རེད། དེའི་ནང་དམིགས་བསལ་དུ་རྒྱ་ནག་གི་མཁས་པ་རེད། དེ་བས་ཤར་གླིང་དང་རྒྱ་ནག་ནི་མི་རིགས་རིང་ལུགས་ཀྱི་འདུ་ཤེས་འབྱུང་སླ་བའི་ས་ཁུལ་ཞིག་ཀྱང་རེད། ས་ཁུལ་འདི་དག་གི་མི་རྣམས་ནས་ཁྱབ་ཁོངས་སོ་སོ་ནས་མེས་པོ་བྱུང་ཚུལ་རྒྱུད་མཐུད་དགོས་པའི་རྒྱུ་མཚན་ག་རེ་ཡིན་མིན་ནི་ཚང་མའི་ཤེས་རྟོག་ཡོད་པ་ཞིག་རེད།
དེང་ཚན་རིག་ཁོར་ཡུག་གི་ལྟ་བ་མཇུག་བསྡོམས་རེ་རྒྱག་ན། འགྲོ་བ་མིའི་རིགས་ཀྱི་ཤེས་རིག་ཆེད་མཁས་མང་ཆེར་གྱིས་དེང་རབས་མིའི་རིགས་ནི་ཨ་ཧྥི་རི་ཁ་ནས་བྱུང་བར་ངོས་འཛིན་ཡོད། ཕལ་ཆེར་བརྒྱ་ཆ་བརྒྱ་ཡིས་མཁས་པ་ཚོས་འགྲོ་བ་མིའི་རིགས་ཀྱི་གནའ་དུས་མེས་པོ་ནི་ཨ་ཧྥི་རི་ཁ་ནས་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད།
དེ་ནི་ཤར་གླིང་མི་རིགས་རིང་ལུགས་ཚོའི་སྡུག་བསྔལ་བྱེད་དགོས་པའི་བསྡོམས་ཚིག་ཅིག་རེད། གང་ཡིན་ཟེར་ན་མཐའ་ཚིག་དེས་དེང་གི་ཤར་གླིང་དང་ཡོ་རོབ་གླིང་། ཅུང་སྙན་ཙམ་བཤད་ན་ཁུལ་དེ་དག་གི་མི་ཡོངས་རྫོགས་གཞན་ནས་སྐྱབས་བཅོལ་དུ་སླེབས་པའི་རྗེས་རབས་པ་ཤ་སྟག་རེད། ཅུང་ཡ་ང་བའི་སྒོ་ནས་བཤད་ན་དེ་དག་ཚང་མ་བཙན་འཛུལ་བའི་མི་རྒྱུད་དམ། ང་ཚོའི་གནའ་དུས་ཀྱི་མེས་པོ་རེད། བློ་རིག་དང་གཟུགས་པོའི་ནུས་པ་ལོ་ངོ་ཁྲི་བརྒྱ་ཕྲག་འགའི་སྔོན་གྱི་ཡཱོན་མོ་མི་དང་ལཱན་ཐན་མི། ཏཱིང་ཚུན་མི། ད་དུང་ལོ་ངོ་ཁྲི་ཁ་ཤས་སྔོན་དུ་བྱུང་བའི་པེ་ཅིང་བྲག་ཕུག་གི་མི་དེ་དག་ལས་ལྡབ་མང་པོ་མཐོ་བ་ཡོད། ཡ་ང་བའི་ལྟོ་གོས་འཕྲོག་བཅོམ་གྱི་འཐབ་རྩོད་ནང་གོང་གསལ་ཡཱོན་མོ་དང་ལཱན་ཐན། ཏཱིང་ཚུན་དང་པེ་ཅིང་བྲག་ཕུག་གི་མི་དེ་དག་བསད་རྨས་དང་རྩ་མེད་ཀྱིས་འདི་དག་གི་མིའི་རིགས་རྒྱུད་ཤུལ་མེད་བཟོས་ཟིན་པ་རེད།
ང་ཚོའི་མེས་པོ་ནི་རྒྱལ་ཕམ་གྱི་ནང་ནས་རྒྱལ་ཁ་བ་དེ་དག་རེད། དུས་མཚུངས་སུ་ང་ཚོའི་མེས་པོ་དེ་དག་ནི་བཙན་འཛུལ་བ་ཡང་རེད། དོན་ངོ་མའི་རྒྱ་ནག་མི་ཟེར་བའི་མེས་པོ་དེ་དག་ང་ཚོའི་མེས་པོ་འདི་ཚོས་རྩ་མེད་བཟོས་ཟིན་པ་རེད།
སྔ་ནས་ད་བར་རྒྱལ་ཁབ་ག་གེ་མོའི་ས་ཁོངས་ཡིན་ཞེས་པའི་བཤད་སྲོལ་དེ་དག་ནི་རབ་རུབ་མི་གསལ་བ་ཡིན་ལ། དེའང་འཛམ་གླིང་ལྟར་གཏིང་ཟབ་པོ་ཞིག་རེད། རྒྱ་ནག་དབུས་གཞུང་གི་བརྙན་འཕྲིན་ལས་ཁུངས་ནས་ཀྱང་། ཨེ་མ་ཧོ། ཨ་ཧྥི་རི་ཁ། ངའི་མེས་རྒྱལ། ག་དུས་ཁྱེད་ཀྱི་དྲོ་སྐྱིད་ལྡན་པའི་པང་ཁར་ལོག་ཐུབ་བམ། ཞེས་བརྩེ་ཚོར་བཤད་ཆོག་གི་རེད། མེས་རྒྱལ་ལ་དགའ་ཞེན་བྱེད་དགོས་ན། ད་ནི་ཨ་ཧྥི་རི་ཁར་དགའ་དགོས་པ་ཞིག་རེད།