ཨོ་བྷ་མར་བླ་མ་བསྟན་འཛིན་བདེ་ལེཌ་སོཌ་གློད་གྲོལ་ཆེད་ཞུ་སྙན་ཕུལ་བ།
ཐེངས་ 7903 བཀླགས་འདུག
སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་སོགས་རྒྱ་ནག་ནང་གི་གྲགས་ཅན་ཆབ་སྲིད་བཙོན་པ་ཚོ་གློད་གྲོལ་ཡོང་ཐབས་རྒྱ་ནག་དང་གླེང་དགོས་སྐོར་ཨ་རིའི་སྲིད་འཛིན་ཨོ་བྷ་མར་ཞུ་སྙན་ཕུལ་འདུག
དེ་ཡང་འགྲོ་བ་མིའི་ཐོབ་ཐོང་ཚོགས་པ་ཁག་དགུ་ཙམ་གྱིས་མཉམ་དུ་ཚེས་ ༣༠ ཉིན། ཨ་རིའི་སྲིད་འཛིན་ཨོ་བྷ་མར་རྒྱ་ནག་དུ་སྤྱི་དམངས་ཐོབ་ཐང་ཐོག་དྲག་གནོད་བྱེད་མུས་ཐད་རྒྱ་གཞུང་གི་དཔོན་རིགས་མཉམ་དུ་གླེང་སློང་དགོས་པའི་སྐུལ་མ་བྱས་ཡོད་པ་རེད། དེ་ནི་འབྱུང་འགྱུར་སྤྱི་ཟླ་ ༡༡ པའི་ཚེས་ ༡༢ ཉིན། ཨ་རིའི་སྲིད་འཛིན་ཨོ་བྷ་མ་རྒྱ་ནག་དུ་རྒྱལ་དོན་མཚམས་གཟིགས་སྐབས་པེ་ཅིན་དུ་རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕེན་དང་མཇལ་འཕྲད་གནང་རྒྱུ་ཡིན་པ་དང་། སྐབས་དེ་དང་བསྟུན་རྒྱལ་སྤྱིའི་ཐོག་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་གྲགས་ཅན་ ༩ ཡི་མཚན་ཐོག་ནས། སྲིད་འཛིན་ཨོ་བྷ་མར་ཡོངས་ཁྱབ་འབོད་སྐུལ་གྱི་ཞུ་སྙན་ཞིག་ཕུལ་བའི་ནང་། ད་ལྟའི་རྒྱའི་བཙོན་འོག་དུ་ཡོད་པའི་ནོ་བེལ་ཞི་བདེའི་གཟེངས་སྟགས་བཞེས་མཁན་ལིའུ་ཞོ་པོ་དང་། ཁོང་གི་བཟའ་ཟླ་ལི་ཤག ཡུལ་གུ་མཁས་དབང་ཡི་ལམ་ཏོ་གྲིས། རྒྱ་ནག་གི་འགྲོ་བ་མའི་ཐོབ་ཐང་ཁྲིམས་རྩོད་པ་ Gao Zhisheng ། དེ་བཞིན།
སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་སོགས་གློད་གྲོལ་དགོས་རྒྱུར་རྒྱ་ནག་གཞུང་དང་མཉམ་དུ་གླེང་སློང་དང་གནོན་ཤུགས་སྤྲོད་དགོས་སྐོར་བརྗོད་འདུག མ་ཟད་རྒྱ་ནག་གཞུང་ནས། སྤྱི་དམངས་ཐོབ་ཐང་ཐོག་རྡོག་རོལ་གཏོང་བཞིན་པའི་བྱ་སྤྱོད་དེ་ཨ་རི་དང་རྒྱ་ནག་དབར་གྱི་ཕུན་ཚུལ་འབྲེལ་ལམ་གྱི་འགག་རྩ་ཞིག་ཡིན་པ་སྲིད་འཛིན་ཨོ་བྷ་མས་གསལ་འདོན་གནང་དགོས་སྐོར་བརྗོད་ཡོད་པ་དང་། ཡིག་ཆ་དེར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གཙོས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་དགུ་ཡིས་མཚན་རྟགས་བཀོད་ཡོད་པ་རེད། གནས་ཚུལ་ཡོང་ཁུངས་ཨེ་ཡ་རང་དབང་རླུང་འཕྲིན་གྱི་དྲ་གནས།