སྒོམ་རྒྱབ་པའི་རྣམ་པ་ཡོད་པའི་གྲྭ་པ་ཞིག་གི་སྐུ་ཕུང་ས་འོག་ནས་རྙེད་ཡོད།
ཐེངས་ 8289 བཀླགས་འདུག
ལོ་ཉིས་བརྒྱ་སྔོན་གྱི་ནང་པའི་གྲྭ་པ་ཞིག་གི་སྐུ་ཕུང་གསར་རྙེད།
སོག་ཡུལ་ནང་མི་ལོ་ཉིས་བརྒྱ་སྔོན་གྱི་ནང་པའི་གྲྭ་པ་སྐུ་དཀྱིལ་དྲུང་དུ་སྒོམ་གྱི་རྣམ་པའི་ངང་བཞུགས་པའི་སྐུ་ཕུང་ཞིག་གསར་ཏུ་རྙེད་སོན་བྱུང་འདུག
ཟླ་འདིའི་ཕྱི་ཚེས་༢༩ ཉིན་རྒྱལ་སྤྱིའི་གསར་ལམ་དང་དྲ་ལམ་ཁག་ཅིག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ནང་པའི་གྲྭ་པ་དེའི་སྐུ་ཕུང་ཐོག་མར་རྙེད་པའི་སྐབས། སེམས་ཅན་གྱི་པགས་པ་ཞིག་གི་ནང་བཏུམས་ཏེ་མཉམ་པར་བཞག་བཞིན་བཞུགས་པའི་རྣམ་པའི་ངང་ཡོད་པ་དང་། ད་ལྟའི་ཆར་ཚན་རིག་པ་རྣམས་ཀྱིས་ཁོང་གི་སྐུ་ཕུང་ལ་དུས་ནམ་ཞིག་འདས་གྲོངས་སུ་གྱུར་ཡོད་མེད་ཀྱི་བརྟག་དཔྱད་བཞིན་ཡོད་པ་རེད། ཚན་རིག་པ་རྣམས་ཀྱི་ད་བར་དཔྱད་ཞིབ་བྱས་པ་ལས་ཤེས་རྟོགས་བྱུང་བ་ལྟར་ན། ཕྱི་ལོ་༢༠༠༢ ལོར་གསར་རྙེད་བྱུང་བའི་ནང་པའི་གྲྭ་པ་ཌ་ཤི་ངོར་ཛོ་(Dashi Dorzgho Itigilov) ཡི་བླ་མ་ཡིན་པའི་ཚོད་དཔག་བྱེད་བཞིན་པ་དང་། གྲྭ་པ་ཌ་ཤི་དོར་ཛི་ནི་ཕྱི་ལོ་༡༨༥༢ ལོར་འཁྲུངས་ཏེ་༡༩༢༧ ལོར་གཤེགས་པ་མ་ཟད། ཁོང་སྐུ་འཚོ་བཞུགས་སྐབས་ཕུང་པོ་བདག་ཉར་གྱི་སྐོར་སྦྱོང་བརྡར་བྱས་ཡོད་པ་རེད། ཕུང་པོ་མ་རུལ་བར་ཉར་འཚག་བྱེད་རྒྱུའི་ཉམས་ལེན་དེ་ནི་སྤྱིར་བཏང་གི་མིའི་སྒྲུབ་ཐུབ་པ་ཞིག་མིན་པར། དེའི་སྐོར་སྦྱོང་བརྡར་མཐར་ཕྱིན་པ་ཐོབ་པའི་མཁས་པ་ཞིག་གིས་ད་གཟོད་ཉམས་ལེན་ཐུབ་པ་ཞིག་ཡིན་འདུག ཕུང་པོ་བདག་ཉར་གྱི་སྲོལ་རྒྱུན་དེ་དུས་ད་ལྟའང་མི་ཉམས་རྒྱུན་འཛིན་གྱིས་སློབ་སྦྱོང་དང་ཉམས་ལེན་བྱེད་བཞིན་པ་དང། ཕྱི་ལོ་༡༩༧༤ ལོར་འདས་གྲོངས་སུ་ཕྱིན་པའི་ཐའེ་ལན་ཌའི་སྐུ་ཕུང་བདག་ཉར་ལ་ཉམས་ལེན་གནང་མཁན་གྱི་གྲྭ་པ་ལུ་ཨེང་པཱོ་ཌེང་(Luang Po Daeng) གི་སྐུ་ཕུང་ཤེལ་གྱི་པུར་སྒམ་དུ་བཅུག་སྟེ་ཉར་འཚག་བྱས་ཡོད་པ་དང་། ད་ཆ་ཡུལ་སྐོར་སྤྲོ་འཆམ་པའི་གནས་རྩ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།། གནས་ཚུལ་ཡོང་ཁུངས་བོད་ཀྱི་བང་ཆེན།