ལི་ཐང་གི་སློབ་མའི་ཤེས་ཡོན་ཚོགས་པས་བགྲོ་གླེང་ཞིག་གོ་སྒྲིག་བྱས་འདུག
ཐེངས་ 10912 བཀླགས་འདུག
སློབ་མའི་ནང་ཁུལ་བགྲོ་གླེང་ཚོགས་འདུ།
ཟླ་འདིའི་ཚེས་༤ ཉིན་གྱི་ཕྱི་དྲོ་ཆུ་ཚོད་༦ དང་སྐར་མ་ ༣༠ ཐོག ཁམས་ལི་ཐང་ (ཕ་ཡུལ་སློབ་མའི་ཤེས་ཡོན་ཚོགས་པ་) ཞེས་པའི་གོ་སྒྲོག་འོག སློབ་མ་ནང་ཕན་ཚུན་དབར་བརྗོད་གཞི་འདྲ་མིན་ཐོག་བགྲོ་གླེང་ཞིག་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་དབལ་ཤུལ་མི་ཚན་གྱི་འདུ་ཁང་ནང་འཚོགས་ཡོད་པ་རེད། བགྲོ་གླེང་ཚོགས་འདུའི་ཐོག་སྐུ་མགྲོན་གཙོ་བོ་ཕྱོགས་བཞུགས་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་དང་། ས་འཐུས་ཚོགས་གཙོ་དགེ་བཤེས་རྣམ་རྒྱལ་རྒྱལ་མཚན། ཚོགས་གཞོན་དགེ་བཤེས་ངག་དབང་བློ་བཟང་། ས་གནས་འགོ་འཛིན་ཕུན་ཚོགས་ཚེ་རིང་བཅས་ཀྱི་གཙོས་གྲྭ་ཚང་ཁག་གཅིག་གི་ཕྱག་མཛོད་རྣམ་པ་དང་། གཞན་ཡང་ཕ་ཡུལ་སློབ་མའི་ཤེས་ཡོན་ཚོགས་པའི་ཚོགས་གཙོ་དགེ་བཤེས་ཉི་མ་དབང་ཕྱུག་སོགས་ཕེབས་ཡོད་པ་དང་། ཐེངས་འདིའི་བགྲོ་གླེང་བ་བཙན་བྱོལ་ནང་གི་སློབ་གྲྭ་ཁག་ནས་གུང་སེང་ཡོང་མཁན་ཁམས་ལི་ཐང་གི་སློབ་ཕྲུག་ཕོ་མོ་གྲངས་ལྔ་བཅུ་ཙམ་ཡོད་པ་རེད།
བགྲོ་གླེང་གི་བརྗོད་གཞི་གཙོ་བོ་ཤེས་ཡོན་དང་ཀུན་སྤྱོད་གཉིས་ལས་གང་གལ་ཆེ་མིན་དང་། གཞན་བརྟེན་འཚོ་སྐྱེལ་གྱི་ཇི་ཙམ་བར་འཚོ་གནས་ཐུབ་མིན། རང་ཉིད་ཀྱི་རྐང་པའི་སྒང་ལ་རང་ཉིད་ལངས་ཐུབ་པར་འབད་བརྩོན་བྱས་ན་འབྲས་བུ་ངེས་པར་ཐོན་ཐུབ་པ་བཅས་ཀྱི་སྐོར་སོགས་ལ་བགྲོ་གླེང་དང་དྲི་བ་དྲིས་ལན་བཅས་བྱས་ཡོད་པ་རེད། ཕ་ཡུལ་སློབ་མའི་ཤེས་ཡོན་ཚོགས་པའི་གོ་སྒྲིག་འོག་ནས། སློབ་ཕྲུག་རྣམས་ཟླ་བ་གཉིས་ཀྱི་རིང་གུང་སེང་དང་སྟབས་བསྟུན་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་། རིག་གཞུང་མི་ཉམས་རྒྱུད་འཛིན་དང་ཉམས་པ་སླར་གསོའི་ཆེད་དང་། ལྷག་པར་དུ་བོད་ཀྱི་སྐད་ཡིག་སུམ་རྟགས་དག་གསུམ་དང་། རིགས་ལམ་སློབ་ཁྲིད། རྒྱལ་རབས་དང་ལོ་རྒྱུས་ཐོག་དམིགས་བསལ་སློབ་ཕྲུག་ནང་ཕན་ཚུན་བརྗོད་གཞི་འདྲ་མིན་གྱི་ཐོག་བགྲོ་གླེང་བྱེད་རྒྱུ་སོགས་ཡིན་པ་རེད། གནས་ཚུལ་ཡོང་ཁུངས་བོད་ཀྱི་བང་ཆེན།