རྒྱལ་ཁབ་བཅུས་ཚབས་ཆེའི་འཇིགས་སྐུལ་ལ་ཁ་གཏད་གཅོག་རྒྱུ་རེད་ཤག
ཐེངས་ 8393 བཀླགས་འདུག
རྒྱལ་སྤྱིའི་མཐུན་ཚོགས་ཀྱིས་ཁ་ཆེའི་རྒྱལ་ཁབ་ལ་རྒོལ་རྡུང་གི་བསམ་ཚུལ་དེ་ནི་ཐོག་མར་ཨ་རིས་(NATO) མཐུན་ཕྱོགས་རྒྱལ་ཁབ་ཁག་ལ་བཏོན་པ་ཞིག་ཡིན་པ་དང་། སྲིད་འཛིན་ཨོ་བྷ་མས་ལྷན་ཚོགས་མཇུག་སྒྲིལ་པའི་རྗེས་བརྗོད་པ་ལྟར་ན། མཐུན་གྲོགས་རྒྱལ་ཁབ་རྣམས་ཀྱིས་ཐུན་མོང་གིས་“ཁ་ཆེའི་རྒྱལ་ཁབ”་ཀྱི་ཚབས་ཆེའི་འཇིགས་སྐུལ་ལ་ཁ་གཏད་གཅོག་རྒྱུའི་མོས་མཐུན་བྱས་ཡོད་པ་རེད། གནས་ཚུལ་ཐོན་པར་གཞིགས་ན། དབྱིན་ཡུལ་གྱིས་ཨ་རི་དང་མཉམ་དུ་ཁ་ཆེའི་དྲག་སྤྱོད་པའི་འཇིགས་སྐུལ་ལ་གདོང་ལེན་བྱ་རྒྱུ་ཡིན་པ་ཕུད། ད་དུང་འཇར་མན། ཧྥ་རན་སི། ཨེན་ཀྲ་ལི། ཌན་མག པོ་ལན་ཌི། ཊའ་ཁི། ཁ་ན་ཌ། ཨོ་སི་ཁྲུ་ལི་ཡ་སོགས་རྒྱལ་ཁབ་ཚང་མ་“ཁ་ཆེའི་རྒྱལ་ཁབ”་ལ་རྒོལ་རྡུང་གི་འཆར་གཞིའི་གྲོས་མོལ་ནང་ཞུགས་རྒྱུ་ཡིན་པ་དང་། འཇར་མན་གྱི་སྲིད་བློན་ལྕམ་མར་ཁལ་(Angela Merkel) གྱིས་བརྗོད་པ་ལྟར་ན། རྒྱལ་ཁབ་སོ་སོ་རང་མོས་སྒོས་མཉམ་ཞུགས་བྱས་ཏེ། མུ་མཐུད་དུ་ཐབས་ལམ་གྲོས་བསྡུར་བྱ་རྒྱུར་མོས་མཐུན་བྱུང་ཡོད་པ་རེད།
ཟླ་འདིའི་ཕྱི་ཚེས་༥ ཉིན་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་NATO (བྱང་ཨ་ཊི་ལན་ཊི་ཁི)་མཐུན་ཚོགས་རྒྱལ་ཁབ་ཀྱི་ཉིན་གཉིས་རིང་གི་ལྷན་ཚོགས་ཐེངས་༢༦ པ་མཇུག་སྒྲིལ་ཡོད་པ་དང་། ཐེངས་འདིའི་ལྷན་ཚོགས་སྟེང་ཚོགས་ཞུགས་རྒྱལ་ཁབ་༢༨ ཡོད་པ་དག་གིས་ཡུག་རེན་གྱི་གནད་དོན་དང་། དམག་གི་འགྲོ་གྲོན་སྤར་ཆ། ཨི་རག་གི་“ཁ་ཆེའི་རྒྱལ་ཁབ”་ཀྱི་འཇིགས་སྐུལ་གནད་དོན། ཨུ་རུ་སུ་དང་འབྲེལ་བ་དང་དམག་ཤུགས་འཛུགས་སྐྲུན་སོགས་ཀྱི་ཐོག་ལ་གྲོས་བསྡུར་ཡོད་འདུག་ལ། ལྷན་ཚོགས་སྟེང་མཐུན་ཚོགས་རྒྱལ་ཁབ་ཁག་གིས་མགྱོགས་མྱུར་ངང་འགུལ་བསྐྱོད་ནུས་པའི་དམག་གི་དཔུང་ཁག་ཅིག་གསར་འཛུགས་བྱས་ཏེ། བྱང་ཨ་ཊི་ལན་ཊི་ཁི་(North Atlantic) ཡི་ཤར་ཕྱོགས་ཚོགས་ཞུགས་རྒྱལ་ཁབ་ཁག་གི་ནང་དུ་བཀྲམ་འཇོག་འོག ཨུ་རུ་སུ་ལ་ཁ་གཏད་གཅོག་རྒྱུ་དང་། ལོ་༡༠ ཡི་དུས་ཚོད་ནང་དམག་གི་འགྲོ་གྲོན་སྤར་རྒྱུའི་འཆར་གཞི་སོགས་སྤྱི་མོས་བྱུང་ཡོད་འདུག
ཨ་རིའི་ཕྱོགས་ནས་“ཁ་ཆེའི་རྒྱལ་ཁབ”་ལ་ཁ་གཏད་གཅོག་རྒྱུའི་ཞིབ་ཕྲའི་ཐབས་ཇུས་དེ་ཟླ་འདིའི་ཕྱི་ཚེས་༡༦ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་མ་འཚོག་པའི་སྔོན་མཇུག་སྒྲིལ་ཐུབ་པའི་རེ་བ་བྱེད་བཞིན་ཡོད་ཅིང་། དམག་དོན་གྱི་ཐབས་ལམ་སྤྱོད་པར་ཕུད་པའི་ད་དུང་དཔལ་འབྱོར་གྱི་རྒོལ་རྡུང་དང་། ཁྲིམས་ཀྱི་ལག་བསྟར་དང་གསང་བའི་སྒྲིག་འཛུགས་ཀྱི་ཐོག་ནས་“ཁ་ཆེའི་རྒྱལ་ཁབ”་ཀྱི་མ་དངུལ་འགོག་ཐབས་བྱ་རྒྱུ་ཡིན་འདུག ཡིན་ནའང་འབྲེལ་ཡོད་དཔོན་རིགས་ཚོས་ཁས་ལེན་བྱས་པ་བཞིན། ཁ་ཆེའི་རྒྱལ་ཁབ་ཀྱིས་སྣུམ་གྱི་ས་ཞིང་ཧ་ཅང་མང་པོ་སྟངས་འཛིན་བྱས་ཡོད་སྟབས། མ་དངུལ་གྱི་མི་འདང་བའི་དཀའ་ངལ་ཧ་ལམ་འཕྲད་མི་སྲིད་པ་ཞིག་ཡིན་པ་རེད།
དེ་བཞིན་དབྱིན་ཡུལ་ནང་གསར་ཏུ་མི་མང་གི་བསམ་ཚུལ་བསྡུ་ལེན་ཞིག་བྱས་པ་ལས་མངོན་པ་ལྟར་ན། བཅར་འདྲི་བྱས་ཡུལ་གྱི་མི་བརྒྱ་ཆ་༦༠% ལྷག་གིས་སྲིད་གཞུང་གི་དམག་དོན་གྱི་བྱ་སྤྱོད་སྤེལ་སྟེ། ཨི་རག་ནང་གི་དྲག་པོའི་“ཁ་ཆེའི་རྒྱལ་ཁབ”་ཀྱི་འཇིགས་སྐུལ་ལ་ཁ་གཏད་གཅོག་རྒྱུར་རྒྱབ་སྐྱོར་བྱས་ཡོད་པ་དང་། དབྱིན་ཇིའི་སྲིད་བློན་ཁེམ་རོན་(DavidCameron) གྱིས། ཁོང་གིས་ཨི་རག་ནང་ལོགས་ཀྱི་“ཁ་ཆེའི་རྒྱལ་ཁབ”་ལ་གནམ་དམག་གིས་གཏོར་རྒོལ་བྱ་རྒྱུའི་དམིགས་འབེན་ལ་ཆོག་མཆན་སྤྲོད་མི་སྲིད་པ་ཞིག་མིན་སྐོར་བརྗོད་འདུག
མིག་སྔར་ཨི་རག་སྲིད་གཞུང་དང་“ཁ་ཆེའི་རྒྱལ་ཁབ”་ཀྱི་དྲག་སྤྱོད་པའི་བར་མུ་མཐུད་དུ་ཁ་གཏད་ཆགས་བཞིན་པ་དང་། རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་༧ ཉིན་ཨི་རག་གི་ཨན་བྷ་(Anbar) མངའ་སྡེའི་སྤྱི་ཁྱབ་ལ་མེ་མདའ་ཕོག་ཏེ་རྨས་སྐྱོན་ལྕི་མོ་ཕོག་ཡོད་འདུག དེའི་སྔོན་དུ་ཨ་རིའི་དམག་འཐབ་གནམ་གྲུས་ས་ཁུལ་དེར་མཁའ་རྡུང་བྱས་ཡོད་ཅིང་། དེ་ནི་མཁའ་རྡུང་གི་ཟླ་གཅིག་གི་དུས་ཚོད་ནང་། སན་ནི་(Sunni) ཁ་ཆེའི་གལ་ཆེའི་ས་ཁུལ་དུ་འཛུལ་བ་ཐེངས་དང་པོ་ཆགས་ཡོད་པ་དང་། མཁའ་རྡུང་རྗེས་ཨི་རག་སྲིད་གཞུང་དམག་གིས་ས་ཁུལ་དེར་དཔུང་འཇུག་བྱས་ཡོད་པ་རེད།
ཕྱི་ཚེས་༧ ཉིན་ཨ་རིའི་རྒྱལ་སྲུང་དཔོན་རིགས་ཀྱིས་བརྗོད་པ་ལྟར་ན། ཨ་རིས་ཨི་རིག་གི་ནུབ་ཕྱོགས་ཧ་ཌི་ཐ་(Haditha) ཆུ་མཛོད་ཆེན་མོའི་ཉེ་འཁོར་དུ་“ཁ་ཆེའི་རྒྱལ་ཁབ”་ཀྱི་དྲག་སྤྱོད་སྒྲིག་འཛུགས་ལ་དམིགས་པའི་མཁའ་རྡུང་བྱས་ཡོད་པ་དང་། དེ་ནི་ཨ་རིའི་དམག་གིས་ས་ཁུལ་དེར་མཁའ་རྡུང་བྱས་པ་ཐོག་མ་ཆགས་ཡོད་འདུག དེ་བཞིན་དཔོན་རིགས་དེས། མཁའ་རྡུང་གི་བྱ་སྤྱོད་ནི་ཨི་རག་སྲིད་གཞུང་གི་རེ་འདུན་ལ་གཞིགས་པ་ཞིག་ཡིན་པ་མ་ཟད། ཨ་རིའི་འགན་འཁྲི་དང་ཡང་འཚམས་པ་ཞིག་ཡིན་སྐོར་བརྗོད་འདུག
ཧ་ཌ་ཐ་ཆུ་མཛོད་ཆེན་མོ་དེ་ཨི་རག་ནུབ་ཕྱོགས་ཀྱི་ཨན་བྷ་མངའ་སྡེའི་ནང་དུ་ཡོད་ཅིང་། ད་ལྟའི་ཆར་ད་དུང་ཨི་རག་སྲིད་གཞུང་གི་སྟངས་འཛིན་འོག་ཡོད་པ་དང་། ཨི་རག་གི་ཆུ་མཛོད་ཆེ་ཤོས་ཨང་གཉིས་པ་ཡིན་པ་རེད། དྲག་སྤྱོད་ཤོག་ཁག་གིས་ཟླ་སྔོན་མའི་ནང་ཆུ་མཛོད་དེར་ཚུར་རྒོལ་བྱས་འགོ་བཙུགས་ཡོད་ནའང་། སན་ནི་(Sunni) ཁ་ཆེའི་དྲག་སྤྱོད་ཤོག་ཁག་གིས་བཀག་འགོག་བྱས་ཡོད་པ་རེད།། གནས་ཚུལ་ཡོང་ཁུངས་བོད་ཀྱི་བང་ཆེན།
