རྒྱ་གར་གྱི་སྲིད་བློན་མཆོག་མཉམ་སྦྲེལ་རྒྱལ་ཚོཌ་ཀྱི་ཚོཌ་ཆེན་དུ་ཞུཌ་པ།
ཐེངས་ 7543 བཀླགས་འདུག
རྒྱ་གར་དང་ཨ་རིའི་འབྲེལ་ལམ་དང་མོ་རྡི་ཡི་འཚམས་གཟིགས།
དེ་རིང་རྒྱ་གར་གྱི་སྲིད་བློན་ན་རན་ཌར་མོ་རྡི་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་འབྱོར་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྟེང་ཞུགས་ཡོད་པ་དང་། ཕྱི་ཚེས་༢༩ ནས་༣༠ བར་ཉིན་གཉིས་རིང་ཨ་རིར་རྒྱལ་དོན་འཚམས་གཟིགས་གནང་རྒྱུ་ཡིན་འདུག གནད་དོན་དབྱེ་ཞིབ་པ་ཚོས་བརྗོད་པ་ལྟར་ན། སྲིད་བློན་མོ་རྡི་ཡིས་རྒྱ་གར་གྱི་དཔལ་འབྱོར་ཡར་རྒྱས་ནི་ཕྱི་འབྲེལ་གྱི་གལ་གནད་ཆེ་ཤོས་སུ་འཛིན་བཞིན་ཡོད་སྟབས། མོ་རྡི་ཡི་ཐེངས་འདིའི་འཚམས་གཟིགས་ཀྱི་དམིགས་ཡུལ་གཙོ་བོ་ཡང་མ་རྩ་འཛུགས་འཇོག་གི་ཆེད་དུ་ཡིན་པ་ཕུད། ད་དུང་ཨ་རི་དང་ལྷན་དུ་བདེ་སྲུང་འཐབ་ཇུས་མཉམ་འབྲེལ་ཡང་འཚམས་གཟིགས་ཀྱི་དམིགས་ཡུལ་དུ་ཡོད་པ་རེད།
རྒྱ་གར་གྱི་སྲིད་བློན་ན་རན་ཌར་མོ་རྡི་ཡི་ཨ་རིའི་འཚམས་གཟིགས་ཀྱི་མཛད་འཆར་ཁག་གསང་རྒྱ་ཧ་ཅང་དམ་པོ་བྱེད་ཀྱི་ཡོད་ཅིང་། ཨ་རིར་ཁྱོན་ཆུ་ཚོད་༡༠༠ ཙམ་གྱི་མཛད་རིམ་ཁྲོད། མོ་རྡི་བྱེད་སྒོ་ཁག་༣༥ ལྷག་གི་ནང་དུ་མཉམ་ཞུགས་བྱ་རྒྱུ་ཡིན་པ་དང་། རེས་གཟའ་པ་ཟངས་(ཕྱི་ཚེས་༢༦) ཉིན། སྲིད་བློན་མོ་རྡི་ནེའུ་ཡོག་གི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྟེང་ཞུགས་ཏེ་གཏམ་བཤད་སྤེལ་རྒྱུ། དེའི་རྗེས་ནེའུ་ཡོག་ཏུ་ཡོད་པའི་ཧ་ཌི་སན་(Hudson) རྩེད་ཐང་ལྡུམ་རའི་རྒྱ་གར་གྱི་རིགས་རྒྱུད་ཡིན་པའི་ཨ་རིའི་མི་སེར་འདུ་འཛོམས་སྟེང་ཕེབས་ཏེ། མང་ཚོགས་ཁྲི་ཚོ་གཉིས་བརྒལ་བར་གཏམ་བཤད་སྤེལ་རྒྱུ་ཡིན་པ་རེད།
རྒྱ་གར་རྡི་ལི་གསར་པའི་ལྟ་ཞིབ་ཐེབས་རྩ་ཁང་གི་ཚོགས་གཞོན་དང་མཐོ་རིམ་ཉམས་ཞིབ་པ་སམ་མི་ས་རན་(Samir Saran)གྱིས། “མོ་རྡི་སྲིད་གཞུང་གི་ངོས་ནས་བཤད་ན། རྒྱ་གར་གྱི་དཔལ་འབྱོར་ཡར་རྒྱས་དང་ལས་ཞུགས་གནད་དོན་ནི་ཁ་ཚ་དགོས་གཏུག་གི་ལས་དོན་ཞིག་ཏུ་གྱུར་ཡོད། མོ་རྡི་སྲིད་གཞུང་གི་ཕྱི་འབྲེལ་སྲིད་ཇུས་ཀྱི་དམིགས་ཡུལ་འཛིན་ས་གཙོ་བོ་ཡང་གནད་དོན་དེ་རེད”་ཅེས་དང་། ཁོང་གིས་བརྗོད་དོན། “དཔལ་འབྱོར་ནི་ཕྱི་འབྲེལ་གྱི་སྒུལ་ཤུགས་ཡིན་ཞེས་པ་དེ། མོ་རྡི་ཡིས་ཁོང་གི་གཏམ་བཤད་ཅིག་གི་ནང་བརྗོད་མྱོང་བའི་སྐད་ཆ་ཞིག་རེད། དེར་བརྟེན། ཕྱོགས་མང་པོ་ཞིག་གི་ངོས་ནས་བཤད་ན། རྒྱ་གར་རྒྱལ་ནང་གི་དཔལ་འབྱོར་འཕེལ་རྒྱས་ཀྱིས་རྒྱ་གར་དང་ཨ་རིའི་འབྲེལ་ལམ་ཐག་གཅོད་པ་གཅིག་པུ་མ་ཡིན་པར། རྒྱ་གར་དང་འཛམ་གླིང་གི་རྒྱལ་ཁབ་གཞན་དག་གི་འབྲེལ་བ་ཡང་ཐག་གཅོད་ཐུབ།” མོ་རྡི་ཡིས་རྒྱ་གར་གྱི་འོས་བསྡུ་ཆེན་མོའི་སྐབས་“རྒྱ་གར་གྱི་ཡར་རྒྱས་མེད་པའི་དཔལ་འབྱོར་སླར་གསོ་བྱ་རྒྱུ་ཡིན་པའི་”ཁས་ལེན་བྱས་ཡོད་པ་དང་། རྒྱུ་རྐྱེན་དེར་བརྟེན་ནས་ད་ལོའི་ཕྱི་ཟླ་ལྔ་པའི་ནང་མོ་རྡི་ཡིས་དབུ་ཁྲིད་པའི་རྒྱ་གར་གྱི་བྷི་རྗེ་བྷི་ཆབ་སྲིད་ཚོགས་པར་འོས་བསྡུ་ཆེན་མོའི་ཁྲོད་རྒྱལ་ཁ་ཐོབ། རེས་གཟའ་ཟླ་བ་(ཕྱི་ཟླ་༩ ཚེས་༢༩) ཉིན་གྱི་སྔ་དྲོར། སྲིད་བློན་མོ་རྡི་ཡིས་གྷུ་གྷལ་(Google) བཟོ་ཚོང་ཁང་གི་ལག་བསྟར་འགན་འཛིན་ཆི་མེ་ཊི་ (Schmidt) དང་། པེ་ཕི་སི་(PepsiCo) བཟོ་ཚོང་ཁང་གི་ལག་བསྟར་འགན་འཛིན་ནུ་ཝེ་(Nui) གཉིས་གཙོས་པའི་སྟོབས་འབྱོར་ཅན་གྱི་ཁེ་ལས་ཚན་པ་༥༠༠ ཡི་ལག་བསྟར་འགན་འཛིན་༡༡ དང་ལྷན་ཞོགས་ཟས་མཉམ་དུ་མཆོད་རྒྱུ་ཡིན་པ་མ་ཟད། ནེའུ་ཡོག་གྲོང་ཁྱེར་གྱི་དངུལ་རྩིས་རྩེ་ཕུད་༥ ཡི་དཔོན་པོ་རེ་རེར་མཇལ་འཕྲད་གནང་རྒྱུ་ཡིན་འདུག
རྡི་ལི་གསར་པའི་ལྟ་ཞིབ་ཐེབས་རྩ་ཁང་གི་ས་རན་གྱིས་བརྗོད་དོན། “ང་ལ་ཡིད་ཆེས་ཡོད། མོ་རྡི་ཡིས་ཨ་རིར་སྤྲད་པའི་བརྡ་ལན་གཙོ་བོ་ནི། “རྒྱ་གར་གྱིས་ཚོང་ལས་སྒོ་འབྱེད་ཡོད་པས། རྒྱ་གར་དུ་ཕེབས་དང་། ང་ཚོས་ས་གདན་དམར་པོ་བཏིངས་ནས་ཁྱོད་ལ་དགའ་བསུ་ཞུ་ཞེས་པ་ཡིན་པ་ལས། ཡིག་འགོ་དམར་པོ་ཅན་གྱི་ཡིག་ཆ་སྤྲོད་རྒྱུ་དེ་མ་རེད།”མོ་རྡི་ཡིས་ཉི་ཧོང་དུ་འཚམས་གཟིགས་སྐབས། ཁོང་གིས་ཉི་ཧོང་གི་མ་འཛུགས་ཚོགས་སྡེ་ཁག་ལ་དེ་ལྟར་ཁས་ལེན་བྱས་ཡོད། སློབ་གསོ་དང་ལག་རྩལ། མཐོ་རིམ་ཚན་རྩལ། རྒྱལ་སྲུང་། ཞབས་ཞུའི་ལས་རིགས། གློག་རྡུལ་དང་“ཕྱེད་བརྒྱུད་ཁྲིད་དངོས་རྫས་”སོགས་ཀྱི་ཁྱབ་ཁོངས་སུ་རྒྱ་གར་ལ་གྲོགས་པོ་མཁོ་བ་དང་། མོ་རྡི་ཡིས་ཨ་རིའི་ཁེ་ལས་ཚན་པ་ཁག་གིས་དེའི་ཐད་ནུས་པ་འདོན་ཐུབ་པ་ཤེས་ཡོད།” ཨ་རིའི་ཁེ་ལས་ཚན་པ་ཁག་གིས་མོ་རྡི་ཡི་ཁས་ལེན་ལ་ཡིད་ཆེས་བྱ་མིན་ད་དུང་ལྟ་རྒྱུ་ཡིན་པ་དང་། ཉེ་བའི་ལོ་ཤས་རིང་ཨ་རིས་རྒྱ་གར་ལ་ཐད་ཀར་མ་རྩ་འཛུགས་འཇོག་ཉུང་ནས་ཉུང་དུ་ཕྱིན་ཡོད་ཅིང་། ཨ་རིའི་བཟོ་གྲྭ་ཆེ་ཁག་མང་པོ་ཞིག་རྒྱ་གར་ནས་ཕྱིར་འཐེན་བྱས་ཡོད། དེའི་རྒྱུ་རྐྱེན་གཙོ་བོ་ཡང་རྒྱ་གར་སྲིད་གཞུང་གི་འགོ་བརྗོད་དམར་པོ་ཅན་གྱི་ཡིག་ཆ་ཁག་ཁ་གསལ་མེད་པ་དང་སྔོན་དཔག་མི་ཐུབ་པ་སོགས་ཀྱིས་ཡིན་འདུག འཛམ་གླིང་དངུལ་ཁང་གིས་གསར་ཏུ་བཏོན་པའི་ཚོང་འབྲེལ་སླ་ཤོས་ཀྱི་རྒྱལ་ཁབ་ཁག་གི་རེའུ་མིག་ནང་། རྒྱ་གར་དེ་སྔོན་ཨང་༡༣༡ པ་ནས་ད་ལྟ་༡༣༤ པར་ཟགས་ཡོད་པ་རེད། འདས་པའི་ལོ་གཅིག་གི་དུས་ཚོད་ནང་། མོ་རྡི་ཡིས་ཉི་ཧོང་དང་རྒྱ་ནག་གི་འགོ་ཁྲིད་ལྷན་མཇལ་འཕྲད་སྐབས། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་ཀྱིས་རྒྱ་གར་ལ་ཨ་སྒོར་དུང་ཕྱུར་༥༥ ཡིས་མ་རྩ་འཛུགས་རྒྱུའི་ཞལ་བཞེས་ཐོབ་སྟེ། མོ་རྡི་ཡི་རྒྱལ་ནང་གི་བཅོས་བསྒྱུར་ལས་འཆར་ལ་རྒྱབ་སྐྱོར་བྱས་ཡོད་ཀྱང་། ཨ་རི་དེ་དང་མི་མཚུངས། ཨ་རིའི་སྲིད་གཞུང་གིས་མོ་རྡི་ལ་མ་རྩ་དེ་ལྟར་མང་པོ་ཞིག་འཛུགས་རྒྱུའི་ཁས་ལེན་བྱ་ཐབས་གཏན་ནས་མེད། རྒྱུ་མཚན་དེར་བརྟེན། མོ་རྡི་ཡི་དམིགས་འབེན་གཙོ་བོ་ཨ་རིའི་སྒེར་བཙུགས་ཁེ་ལས་ཀྱི་ཐོག་ཏུ་ཁ་བསྒྱུར་ཡོད།
གྲོང་ཁྱེར་ནེའུ་ཡོག་ཏུ་ཚོང་ལས་ཀྱི་འགོ་ཁྲིད་རྣམས་དང་མཇལ་འཕྲད་གྲུབ་པའི་རྗེས། སྲིད་བློན་མོ་རྡི་ཨ་རིའི་རྒྱལ་ས་ཝ་ཤིང་ཌོན་དུ་བསྐྱོད་དེ། སྲིད་འཛིན་ཨོ་བྷ་མ་དང་མཇལ་འཕྲད་གནང་རྒྱུ་ཡིན་པ་མ་ཟད། ད་དུང་ཨ་རིའི་གྲོས་ཚོགས་ཀྱི་འགོ་ཁྲིད་དང་། སྲིད་འཛིན་ཟུར་པ་བྷིལ་ཁི་རེ་ཌོན་ (Bill • Kerry Washington) དང་ཁོང་གི་སྐུ་ཟླ་ཕྱི་སྲིད་དྲུང་ཆེ་ཟུར་པ་ཧེལ་རེ་ཁི་རེ་ཌོན་ (Hillary • Kerry Washington) སོགས་དང་ལྷན་མཇལ་འཕྲད་ཀྱི་མཛད་འཆར་ཁག་ཡོད་པ་དང་། དེའི་སྐབས་ཁོང་ལ་ཨ་རིའི་གཞུང་གིས་སྣེ་ལེན་ཟབ་རྒྱས་ཞུ་རྒྱུའི་ཚོད་དཔག་བྱེད་བཞིན་འདུག ཐེངས་འདིར་མོ་རྡི་ལ་ཨ་རིས་སྣེ་ལེན་ཟབ་རྒྱས་ཞུ་རྒྱུའི་ཚོད་དཔག་དང་༢༠༠༥ ལོའི་བྱུང་རྐྱེན་གཉིས་མངོན་གསལ་དོད་པོས་ལྡོག་ཟླ་རུ་སོང་ཡོད། ༢༠༠༥ ལོར། སྐབས་དེར་གྷུ་ཇུ་ར་ཐི་མངའ་སྡེའི་བློན་ཆེན་ཡིན་པའི་ན་རན་ཌར་མོ་རྡི་ལ་ཨ་རིས་ཐོངས་མཆན་མ་སྤྲད་པ་དང་། དེའི་རྒྱུ་མཚན་ནི་མོ་རྡི་ཡིས་༢༠༠༢ ལོར་གྷུ་ཇུ་ར་ཐི་མངའ་སྡེའི་ནང་བྱུང་བའི་ཁྲག་དྲི་བྲོ་བའི་ཆོས་ལུགས་བར་གྱི་ཟིང་འཁྲུག་བཀག་འགོག་ཡག་པོ་མ་ཐུབ་པའི་རྐྱེན་གྱིས་ཡིན་འདུག ཨ་རིའི་བྷི་རུ་ཁན་རིག་མཛོད་བསྟིི་གནས་ཁང་གི་རྒྱ་གར་ཚན་པའི་འགན་འཛིན་ཊན་ཝེ་མཱ་ཌན་ (Tanvi Madan)གྱིས། “གནས་སྟངས་འདི་ལྟ་བུ་ཞིག་གི་འོག མོ་རྡི་ཡིས་ཨ་རི་དང་འབྲེལ་ལམ་རྒྱང་ཐག་རིང་དུ་མ་བཏང་པར། དཔལ་འབྱོར་གྱི་རྒྱུ་རྐྱེན་ཕུད་པའི་ད་དུང་འཐབ་ཇུས་ཐོག་ལའང་བསམ་གཞིག་བྱས་ཡོད་”ཅེས་དང་། ཁོང་མོས་མུ་མཐུད་དུ་བརྗོད་དོན། “མོ་རྡི་ཨ་རིར་ཡོང་བའི་རྒྱུ་མཚན་ནི་ཁོང་གིས་འོས་བསྡུ་ཆེན་མོའི་མཇུག་འབྲས་ཁྱབ་བསྒྲགས་མ་བྱས་པའི་སྔོན་བཤད་པ་ལྟར། ཨ་རི་དང་འབྲེལ་ལམ་ཡར་རྒྱས་གཏོང་རྒྱུ་དེ་རྒྱ་གར་གྱི་ཁེ་ཕན་དང་འཚམས། སྤྱིའི་ཆ་ནས་བཤད་ན་ཕྱོགས་ཆེན་པོ་ཁ་ཤས་ཤིག་ཡོད། འཐབ་ཇུས་ཀྱི་ཐད་ན་བཤད་ན། རྒྱ་གར་ལ་ཨ་རི་དགོས་མཁོ་ཡོད། རྒྱ་གར་གྱི་དཔོན་རིགས་ཚོས་ཀྱང་དེ་སྔོན་བརྗོད་མྱོང་། ཨ་རི་ཡིས་རྒྱ་ནག་འབུར་ཐོན་གྱི་དོ་དམ་ཁྲོད་གལ་གནད་ཆེ་ཤོས་ཀྱི་ནུས་པ་འདོན་བཞིན་པ་དང་། འཇིགས་སྐུལ་རིང་ལུགས་རྒོལ་རྡུང་མཉམ་འབྲེལ་ནི་གལ་ཆེའི་ཁྱབ་ཁོངས་གཞན་ཞིག་ཡིན་ལ། རྒྱ་གར་དང་ཨ་རི་གཉིས་དེའི་ཐད་ནས་མཉམ་འབྲེལ་བྱས་མྱོང་།”
ཁོང་མོས་ད་དུང་བརྗོད་དོན། “འཐབ་ཇུས་མ་ཡིན་པའི་རྒྱུ་རྐྱེན་གཞན་ཞིག་ནི།ཨ་རི་དང་འབྲེལ་ལམ་བཙུགས་པ་དེས་རྒྱལ་ཁབ་གཞན་དག་གིས་རྒྱ་གར་དང་འབྲེལ་ཐག་ཉེ་རུ་གཏོང་རྒྱུར་འགྲན་ཏེ། རྒྱ་གར་གྱིས་འབྱུང་འགྱུར་ཉི་ཧོང་དང་ཐ་ན་རྒྱ་ནག་སོགས་རྒྱལ་ཁབ་ཁག་གི་འབྲེལ་ལམ་ཐད་ནས་ཁེ་ཕན་མང་པོ་རག་ཐུབ། ཨ་རིའི་འཐབ་ཇུས་ཀྱི་ངོས་ནས་བཤད་ན། ཨ་རིས་མོ་རྡི་ལ་དགའ་བསུ་བྱེད་དོན་ཡར་རྒྱས་འགྲོ་བཞིན་པའི་རྒྱ་གར་དེ་ཨ་རི་དང་སའི་གོ་ལའི་ཁྱོན་ཡོངས་ཀྱི་ཁེ་ཕན་དང་འཚམས་ཤིང་། ས་ཁམས་ཀྱི་འཐབ་ཇུས་སྟེང་ནས་བཤད་པ་ཡིན་ནའང་། སྟོབས་ཤུགས་ལྡན་པའི་རྒྱ་གར་གྱིས། གལ་ཏེ་ཨ་རིའི་ལངས་ཕྱོགས་ལ་རྒྱབ་སྐྱོར་མ་བྱས་ཡིན་ནའང་། རྒྱ་ནག་འབུར་འཇོམ་གྱི་སྟོབས་ཤུགས་ཤིག་རང་བཞིན་གྱིས་ཆགས་འགྲོ།” ཨ་རིའི་ཕྱི་སྲིད་ལྷན་ཁང་གི་ལྷོ་ཨེ་ཤི་ཡའི་ལས་དོན་དང་དབུས་ཨེ་ཤི་ཡའི་ལས་དོན་གྱི་ལས་རོགས་ནེ་ཞཱ་བྷི་སི་ཝལ་(Nisha Biswal)གྱིས་ཉེ་སྔོན་འདི་ལྟར་བརྗོད་ཡོད། “རྒྱ་གར་དང་འབྲེལ་ལམ་ཡར་རྒྱས་གཏོང་རྒྱུ་ནི་ཨ་རིའི་མང་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པ་ཐུན་མོང་གི་སྤྱི་མོས་ཡིན་པ་དང་། ང་ཚོ་དང་རྒྱ་གར་བར་གྱི་འབྲེལ་ལམ་ནི་རྩ་འཛིན་གྱི་རྨང་གཞིའི་འོག་གྲུབ་པ་ཞིག་ཡིན་ཞིང་། དེ་ནི་སྟོབས་ཤུགས་ལྡན་པའི་རྒྱ་གར་དེ་ཨ་རིའི་ཁེ་ཕན་དང་འཚམས་པ་དེ་རེད།” ཁོང་མོས་བརྗོད་དོན། དཔལ་འབྱོར་འཕེལ་རྒྱས་སོང་བའི་རྗེས་ཀྱི་རྒྱ་གར། འབྱུང་འགྱུར་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ལས་འགན་དང་ནུས་པ་ཆེན་པོ་ཡོད་ལ། དེའི་ཐད་ང་ཚོས་ཧ་ཅང་དགའ་བསུ་ཞུ་རྒྱུ་ཡིན།” ཨ་རིའི་ཕོ་བྲང་དཀར་པོས་མི་རིང་བའི་སྔོན་སྤེལ་བའི་གསལ་བསྒྲགས་ནང་། མོ་རྡི་དང་ཨོ་བྷ་མ་མཇལ་འཕྲད་ཀྱི་སྐབས། འགོ་ཁྲིད་གཉིས་ཀྱིས་ཕྱོགས་གཉིས་ལ་ཁེ་ཕན་ཡོད་པའི་གནད་དོན་མང་པོ་ཞིག་གི་ཐོག་ལ་གྲོས་བསྡུར་བྱས་ཏེ། ཨ་རི་དང་རྒྱ་གར་གཉིས་ཀྱི་འཐབ་ཇུས་མཛའ་གྲོགས་ཀྱི་འབྲེལ་ལམ་གཏིང་ཇེ་ཟབ་དང་རྒྱ་ཇེ་ཆེར་གཏོང་རྒྱུ་ཡིན་ལ། ཕྱོགས་གཉིས་ཀྱིས་འབྱུང་འགྱུར་ཇི་ལྟར་དཔལ་འབྱོར་ཡར་རྒྱས་མགྱོགས་སུ་གཏོང་དགོས་མིན་དང་། བདེ་སྲུང་གི་མཉམ་འབྲེལ་ཤུགས་ཆེར་གཏོང་རྒྱུ། དེ་བཞིན་ཕྱོགས་གཉིས་ཀར་ཕུགས་རྒྱང་རིང་པོ་ཁེ་ཕན་ཡོད་པའི་གནད་དོན་དོགས་ཀྱི་ཐོག་ལ་མཉམ་འབྲེལ་བྱ་རྒྱུ་ཡིན་པ་མ་ཟད། ཕྱོགས་གཉིས་པོས་ད་དུང་ཨ་ཧྥི་གྷན་སི་ཐན་དང་སི་རི་ཡ། ཨི་རག་སོགས་ས་ཁུལ་གྱི་གནད་དོན་ཐོག་ལ་བསམ་ཚུལ་བརྗེ་རེས་བྱ་རྒྱུ་ཡིན་འདུག འོན་ཀྱང་། གནད་དོན་དབྱེ་ཞིབ་པ་ཁ་ཤས་ཀྱི་བརྗོད་པ་ལྟར་ན། ཨ་རིའི་འགོ་ཁྲིད་ཀྱིས་ཐེངས་འདིའི་མོ་རྡི་ཡི་འཚམས་གཟིགས་ལ་ཐོལ་བརྒལ་རང་བཞིན་གྱི་རེ་བ་དེ་ཙམ་ཆེན་པོ་འཛིན་མེད་པ་དང་། ཁོང་ཚོས་རྒྱ་གར་དང་མཉམ་དུ་འབྲེལ་ལམ་སླར་གསོ་བྱ་རྒྱུ་ཙམ་གྱི་རེ་བ་བརྒྱབ་ཡོད། སྤྱིར་༢༠༡༠ ལོར་སྲིད་འཛིན་ཨོ་བྷ་མས་རྒྱ་གར་དུ་འཚམས་གཟིགས་སྐབས། ཨ་རི་དང་རྒྱ་གར་གྱི་འབྲེལ་ལམ་དེ་དུས་རབས་༢༡ པའི་“ཐག་གཅོད་རང་བཞིན་གྱི་མཛའ་གྲོགས་འབྲེལ་ལམ་”ཞིག་ཆགས་རྒྱུ་ཡིན་སྐོར་བརྗོད་ཡོད་ཀྱང་། ལོ་སྔོན་མའི་ནང་རྒྱ་གར་གྱི་ཕྱི་འབྲེལ་དཔོན་རིགས་བུད་མེད་ཅིག་ནེའུ་ཡོག་ཏུ་འཇུ་བཟུང་བྱས་པའི་དོན་རྐྱེན་གྱིས་རྒྱ་གར་དང་ཨ་རིའི་འབྲེལ་ལམ་ལ་དོ་ཕོག་ཆེན་པོ་བཟོས་ཡོད་པ་རེད།། གནས་ཚུལ་ཡོང་ཁུངས་བོད་ཀྱི་བང་ཆེན། ༢༠༡༤ ཟླ་བ་ ༩ ཚེས ༢༦ དུས་ཚོད ༢:༤༧༠ ཕྱི་དྲོ།