རྒྱ་གར་ཀ་ཤི་མིར་མངའ་སྡེ་ལ་ཆུ་ལོག་གི་གནོད་སྐྱོན་ཆེན་པོ་བྱུང་ཡོད་རེད།
ཐེངས་ 7751 བཀླགས་འདུག
རྒྱ་གར་གྱི་མངའ་སྡེ་རྗ་མུ་ཀ་ཤི་མིར་ནང་ཆུ་ལོག་གི་གནོད་སྐྱོན་བྱུང་སྟེ་ཉུང་མཐའ་ཡང་མི་༢༠༠ ལྷག་འདས་གྲོངས་སུ་གྱུར་འདུག
འདས་པའི་བདུན་ཕྲག་གཅིག་ཙམ་གྱི་ནང་རྒྱ་གར་གྱི་ནུབ་བྱང་མངའ་སྡེ་རྗ་མུ་ཀ་ཤི་མིར་ནང་དྲག་ཆར་བསྟུད་མར་བབས་པའི་རྐྱེན་གྱིས། ཀ་ཤི་མིར་མངའ་སྡེའི་རྗེ་ལེམ་རྫོང་བརྒྱུད་ནས་པན་རྗབ་དང་པ་ཀི་སི་ཐན་ནང་དུ་རྒྱུགས་པའི་རྗེ་ལེམ་གཙང་པོ་(Jhelum river) ཇེ་ཆེར་རྒྱས་ཏེ། མངའ་སྡེའི་རྒྱལ་ས་སི་རི་ན་གྷར་(Srinagar) གྲོང་ཁྱེར་གྱི་སྡོད་ཁང་དང་ཟམ་པ། གཞུང་ལམ་སོགས་ཕྱིིའི་འཛུགས་སྐྲུན་ཧ་ཅང་མང་པོ་ཞིག་ལ་ཆུས་གནོད་སྐྱོན་བཟོས་ཡོད་པ་མ་ཟད། ད་ལྟའི་ཆར་ཤེས་བྱུང་བ་ལྟར་ན་ཉུང་མཐའ་ཡང་མི་༢༠༠ ལྷག་གི་ཚེ་སྲོག་ཤོར་ཡོད་པ་དང་། པ་ཀི་སི་ཐན་གྱི་ནང་དུ་མི་༢༠༥ ཙམ་གྱི་རྐྱེན་འདས་སུ་གྱུར་ཡོད་པ་རེད།
རྒྱ་གར་ནང་སྲིད་བློན་ཆེན་ར་རྗི་ནཱ་ཐི་སིན་(Shri Rajnath Singh) གྱིས་བརྗོད་པ་ལྟར་ན། མངའ་སྡེའི་ནང་གི་གྲོང་བརྡལ་སྟོང་ཕྲག་ཁ་ཤས་ལ་ཐེངས་འདིའི་ཆུ་ལོག་གི་གནོད་སྐྱོན་ཐེབས་ཡོད་པ་དང་། གྲོང་བརྡལ་༣༥༠ ཙམ་ཆུས་བསྣུབས་ཡོད་འདུག་ལ། ད་ལྟའི་བར་མི་༤༧༢༠༠ ཙམ་སྲོག་ཉེན་ལས་སྐྱོབ་ཐུབ་པ་བྱུང་ཡོད་པ་དང་། དེའི་ཁྲོད་སི་རི་ན་གྷར་གྲོང་ཁྱེར་གྱི་མི་༢༤༠༠༠ ཚུད་ཡོད་འདུག དེ་བཞིན་ཟླ་འདིའི་ཕྱི་ཚེས་༧ ཉིན་རྒྱ་གར་གྱི་སྲིད་བློན་སྐུ་ཞབས་ན་རན་ཌར་མོ་ཏི་ཀ་ཤི་མིར་མངའ་སྡེའི་གནོད་ཐེབས་ས་ཁུལ་ལ་གཟིགས་སྐོར་དུ་བསྐྱོད་ཡོད་འདུག་ལ། སྲིད་བློན་མོ་ཏི་ཡིས་ཐེངས་འདིའི་གནོད་སྐྱོན་གྱི་ཆེད་དུ་མ་དངུལ་ཧིན་སྒོར་ཐེར་འབུམ་༡༠༠ ཡི་རོགས་སྐྱོར་བྱེད་རྒྱུའི་གསལ་བསྒྲགས་སྤེལ་ཡོད་པ་རེད།། གནས་ཚུལ་ཡོང་ཁུངས་བོད་ཀྱི་བང་ཆེན།