འདི་ལོའི་འཇང་དགུན་ཆོས་ཀྱི་མཚན་ཕུད་དམ་བཅའ་ཐེངས་དང་པོ་ཚོགས།
ཐེངས་ 8344 བཀླགས་འདུག
ཕྱི་ལོ་ ༢༠༡༥ ཕྱི་ཟླ་ ༡ ཚེས་ ༡༦ པ་སངས་ཉིན་གྱི་དགོང་མོར། རྒྱ་གར་ལྷོ་ཕྱོགས་ཀྱི་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་གི་ཡ་གྱལ་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་དུ། འདི་ལོའི་འཇང་དགུན་ཆོས་ཆེན་མོའི་མཚན་ཕུད་དམ་བཅའ་ཐེངས་དང་པོ་དེ་ཚོགས་ཡོད་པ་རེད།
དེར་གདན་ས་ཆེན་པོ་སེར་འབྲས་དགེ་གསུམ་དང་གསང་ཆེན་རྒྱུད་གྲྭ་སྟོད་སྨད། བཀྲ་ཤིས་ལྷུན་པོ་དང་རྭ་བ་སྟོད་པ་གཉིས། གཞན་ཡང་། རི་བོ་དགེ་ལྡན་པའི་དགོན་ལག་ཆེ་ཆུང་སྣ་ཚོགས་པ་དང་། དེ་མིན་དཔལ་ས་སྐྱ་པ་དང་སྔ་འགྱུར་རྙིང་མ། བཀའ་བརྒྱུད་པ་ལ་སོགས་པའི་རིས་མེད་ཆོས་བརྒྱུད་ཁག་གི་དགེ་འདུན་པ། རྒྱལ་ཁབ་འདྲ་མིན་ནས་ཟུར་མཇལ་བ་དང་ཟུར་ཉན་པ་ཕོན་ཆེར་འབྱོར་ཡོད་པ་རེད། གདན་ས་གསུམ་གྱི་མཁན་བླ་འདུས་མང་སྤྱི་ཕེབས་ལྟར་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་ཕྱག་འདེབས་པ་པོ་ཀུན་མཁྱེན་བྱང་ཆུབ་འབུམ་པའི་ཡང་སྲིད་ཚ་བ་འོད་ཟེར་མཆོག་སྤྲུལ་རིན་པོ་ཆེ་ཡང་ཚོགས་ཕེབས་མཛད་དེ་སེ་ར་སྨད་པའི་དགེ་འདུན་པས་ངོས་ནས་ཀྱང་རྟེན་འབྲེལ་ཁྱད་པར་བའང་བརྩིས་ཏེ་སྤྲོ་སྣང་ཆེན་པོ་གནང་ཡོད་པ་རེད། སེ་ར་ཐེག་ཆེན་གླིང་ནི་རི་བོ་དགེ་ལུགས་པའི་གདན་ས་ཆེ་ཁག་ཅིག་ཡིན་པ་དང་། དེའང་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རྗེ་ཙོང་པ་ཆེན་པོས་ཕྱི་ལོ་ ༡༤༠༩ དང་། རབ་བྱུང་བདུན་པའི་ས་གླང་ལོར་རི་བོ་དགེ་ལྡན་པའི་གདན་ས་ཆེན་པོ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་ཕྱག་བཏབ་ཅིང་། འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་དངོས་ཀྱི་སློབ་མ་མི་དབང་གཙུག་རྒྱན་གཉིས་ཀྱི་ནང་ཚན་བྱམས་ཆེན་ཆོས་ཀྱི་རྗེ་ཤཱཀྱ་ཡེ་ཤེས་དེ་ཉིད་ཀྱིས་རབ་བྱུང་བདུན་པ་ས་ཕག ཕྱི་ལོ་ ༡༤༡༩ ལོར་རི་བོ་དགེ་ལྡན་པའི་ཆོས་བརྒྱུད་འཛིན་པ་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་འདི་ཉིད་ཕྱག་བཏབ། དུས་རབས་བཅུ་བཞིའི་འཇུག་ཏུ་སྐུ་འཁྲུངས་པའི་སྨར་ཁམས་པ་བྱང་ཆུང་འོད་ཟེར་རམ་བྱང་ཆུང་འབུམ་པ། བོད་ཀྱི་ལོ་རྒྱུས་དང་སེ་ར་ཐེག་ཆེན་གླིང་གི་བྱུང་རབས་ནང་ཀུན་མཁྱེན་བྱང་ཆུབ་འབུམ་པ་ཞེས་མཚན་ཉི་ཟླ་ལྟར་ཡོངས་སུ་གྲགས་པ་གང་ཉིད་ཀྱིས་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་འདི་ཉིད་ཕྱག་བཏབ་པ་ཡིན། དེའི་རྗེས་ཀུན་མཁྱེན་བློ་གྲོས་རིན་ཆེན་སེངྒེ་མཆོག་ནས་སེར་བྱེས་མཁན་སྙན་གྲྭ་ཚང་ཕྱག་བཏབ་སྟེ་དུས་ཕྱིས་སེ་ར་སྨད་དང་སེ་ར་བྱེས་ཞེས་སློབ་གཉེར་བའི་དགོན་སྡེ་ཁག་གཉིས་སུ་གྱུར་བ་རེད།
འཇང་དགུན་ཆོས་ཀྱི་མཚན་ཕུད་དམ་བཅའ་ནི། ཟླ་གཅིག་གི་ཆོས་ཐོག་ནང་གདན་ས་གང་དུ་ཚོགས་ཀྱང་གྲྭ་ཚང་རྒན་གཞོན་གྱི་ཐོག་ནས་སྔ་ཕྱི་རིམ་པར་ཚོགས་སྲོལ་ཡོད་པ་ལྟར། འདི་ལོའི་སེ་རའི་འཇང་དགུན་ཆོས་ཀྱི་མཚན་ཕུད་དམ་བཅའ་ཐེངས་དང་པོ་དེ་སེ་ར་སྨད་དུ་ཚོགས་ཡོད། མཚན་ཕུད་བཅའ་ཆེན་མོ་དེའི་སྐབས། གཞུང་ཚན་ནི། ཚད་མ་རྣམ་འགྲེལ་གྱི་ལུང་འགལ་དང་བརྡ་ཡུལ། སྐྱེ་བ་སྔ་ཕྱི་བཅས་ཡིན་ཞིང་། དམ་བཅར་བཞུགས་མཁན་ནི། དཔལ་ལྡན་བཀྲ་ཤིས་སྒོ་མང་གྲྭ་ཚང་། སེར་བྱེས་མཁན་སྙན་གྲྭ་ཚང་། བྱང་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་། རྟགས་གསལ་གཏོང་གནང་མཁན། བློ་གསལ་བྱེ་བའི་གླིང་གྲྭ་ཚང་། སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་། ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་བཅས་ཡིན་པ་རེད། འཇང་དགུན་ཆོས་དང་འབྲེལ་བའི་གནས་ཚུལ་ཤེས་རྟོགས་བྱུང་བའི་ནང་། གནའ་སྔ་མོར་བོད་དུ་དགུན་ཁའི་བོད་ཟླ་བཅུ་གཅིག་པ་དང་བཅུ་གཉིས་པའི་ནང་འཇང་དགུན་ཆོས་ཞེས་པ། སེར་འབྲས་དགེ་གསུམ་དང་། མཉེས་ཐང་རྭ་སྟོད། འོན་མངའ་རིས་གྲྭ་ཚང་སོགས་མཚན་ཉིད་དར་ཁྱབ་ཆེ་ཙམ་ཡོད་པའི་དབུས་ཁུལ་གྱི་དགོན་སྡེ་ཁག་གཅིག་གཞུང་ཆེན་བཀའ་པོད་ལྔའི་ནང་ཚན་ཚད་མ་རྣམ་འགྲེལ་ལ་བརྒལ་བརྟག་གསན་བཞེས་མཛད་སྲོལ་ཡོད་པ་དེ་ཡིན། དགུན་དུས་ཀྱི་ཆོས་ཐོག་དེར་“འཇང་དགུན་ཆོས་”དང་། “འཇམ་དབྱངས་དགུན་ཆོས་”ཞེས་བཤད་སྲོལ་གྲགས་ཆེ་བ་གཉིས་འདུག་ཅིང་།
བར་ལམ་རྒྱ་ནག་གུང་ཁྲན་གྱིས་དབྱེ་བའི་ལྷ་ས་གྲོང་ཁྱེར་གྱི་ཁོངས་ཆུ་ཤུར་རྫོང་། གནམ་ཤང་། འཇང་གྲོང་ཚོའི་རི་ཕུ་དེར་འཇང་དགོན་པ་ཞེས་པ་ཞིག་ཡོད་པ་དེ་ནི་ལོ་རྒྱུས་རིང་པོ་ཡོད་པ་དང་། དགོན་གནས་དེ་ནི་རྗེ་བཙུན་འཇམ་པའི་དབྱངས་ཀྱི་བྱིན་གྱིས་རླབས་པའི་གནས་ཤིག་ཡིན་པར་བཤད། དགོན་པ་དེ་ཕྱག་འདེབས་པར་མཛད་པ་པོ་ནི་འཇམ་དབྱངས་མངོན་མཁྱེན་པའམ། ལ་ལས་འཇང་ཕུ་མངོན་མཁྱེན་པ་ཞུ་ཡི་ཡོད། འཇང་དགོན་པར་ཚོགས་ཆེན་འདུ་ཁང་དང་། སྙེ་ཐང་རྭ་སྟོད་དགོན་གྱི་ཁང་ཚན་སོ་སོའི་སྤྱི་ཁང་། འབྲས་སྤུངས་བློ་གསལ་གླིང་དང་སྒོ་མང་། སེ་ར་སྨད་དང་སེ་ར་བྱེས། དགའ་ལྡན་ཤར་རྩེ་དང་བྱང་རྩེ་སོགས་གྲྭ་ཚང་སོ་སོའི་སྤྱི་ཁང་དང་། ཁང་ཚན་ཁག་གཅིག་གི་སྤྱི་ཁང་ཡོད། འཇང་དགུན་ཆོས་ཀྱི་རིང་ཆོས་ཕྱོགས་ཀྱི་བྱེད་སྒོའི་གཙོ་འགན་དེ་སྙེ་ཐང་རྭ་བ་སྟོད་པས་གནང་སྲོལ་ཡོད། ཉིན་རེར་ཚོགས་ཆེན་དུ་སྔ་ཇ་དང་། གུང་ཚིགས། གྲྭ་ཁང་སོ་སོར་གྲྭ་ཇ་དང་། དཔེ་ཁྲིད། ཚོགས་ཆེན་གྱི་ཆོས་ར་དང་། གྲྭ་ཁང་སོ་སོའི་ར་སྐོར་བཅས་ལ་དམ་བཅའ་དང་རྩོད་པ་ཚུགས་ཤིང་། གྲྭ་ཚང་ཕན་ཚུན་དབར་དམ་བཅའ་འཇོག་རེས་བྱེད་པ་མ་ཟད། མཚན་གང་རྩོད་པ་བྱེད་བའི་མཚན་ཕུད་དམ་བཅའ་ཞེས་པའང་ཚོགས་ཀྱི་ཡོད། ནམ་དུས་ཧ་ཅང་གྲང་བ་དང་། དགེ་འདུན་པ་ཚོས་རྩོད་པ་བྱེད་རིང་གཟན་སྐེ་པར་དཀྲི་དགོས་སྟབས་དཔུང་པ་དམར་བརྗེན་དུ་ཐོན་པ་དང་གཞུང་དོན་འཆད་རྩོད་ལ་བརྩོན་པ་དྲག་པོས། དགུན་གྱི་གྲང་ངར་ནང་ཐོས་བསམ་སློབ་གཉེར་ལ་བརྩོན་པ་ཤུགས་དྲག་གནང་མཁན་རྣམས་ནས་ལུས་ཀྱི་དཀའ་དུབ་ལ་ཇི་མི་སྙམ་པར་གཞུང་དོན་ཁོང་དུ་ཆུད་ཕྱིར་འབད་པ་དོན་ལྡན་དུ་མཛད་པ་ཡིན། གོང་གསལ་གྱི་ལོ་རྒྱུས་རང་བཞིན་ལྡན་པའི་ཆོས་ཚོགས་ཆེན་པོ་དེ་ལ་མིག་དཔེ་ཡར་བལྟ་བྱས་ཏེ། ཉེ་དུས་ནས་བཟུང་མདོ་ཁམས་སྟོད་སྨད་སོགས་སུ་འཇང་དགུན་ཆོས་ཞེས་པ་དང་ཚད་མའི་དགུན་ཆོས་ཞེས་པ་སོགས། རིགས་ལམ་གྱི་སྒོ་ནས་གཞུང་ལུགས་ཀྱི་དོན་ལ་བརྡར་ཤ་གཅོད་པར་འདོད་པའི་སེར་མོ་བ་མང་དུ་འདུས་ཏེ། ཚད་མ་རྣམ་འགྲེལ་རྩ་འགྲེལ་གྱི་གཞུང་ལ་འཆད་ཉན་གནང་བའི་ལམ་ལུགས་དེ་དར་ཁྱབ་ཆེ་རུ་འགྲོ་བཞིན་པ་རེད། གནས་ཚུལ་མཁོ་བསྡུ་བ་གནམ་འོག་གི་གསར་འགྱུར་རྩོམ་སྒྲིག་པ་ཡིན།