མི་ལོ་དགུའི་རིང་ཕོ་བྲང་དཀར་པོར་སྒོ་བརྡུང་པ་ཡིན་ཟེར།
ཐེངས་ 8118 བཀླགས་འདུག
མི་ལོ་དགུའི་རིང་ཕོ་བྲང་དཀར་པོར་སྒོ་བརྡུང་པ་ཡིན་ཟེར།
བོད་མི་མང་གིས་འོས་འདེམས་བྱས་པའི་ཆབ་སྲིད་ཀྱི་མི་སྣ་གཞུང་འབྲེལ་ཐོག་ཕེབས་པ།
ཚན་པ་དང་པོ། ཨ་རིའི་མང་གཙོ་མཉམ་འབྲེལ་ཚོགས་ཆུང་གིས་ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༩ ཉིན་གཞུང་འབྲེལ་གྱི་ཐོག་ནས། སྲིད་སྐྱོང་མཆོག་ཨ་རིའི་གྲོས་ཚོགས་ཀྱི་རེ་སྦུན་ཁང་ Rayburn House ཞེས་པའི་ནང་དུ་སྣེ་ལེན་གཟབ་རྒྱས་ཞུས་ཡོད། བཙན་བྱོལ་བོད་མིའི་ལོ་རྒྱུས་ནང་བཀའ་བློན་ཁྲི་པའམ་སྲིད་སྐྱོང་ཨ་རིའི་གྲོས་ཚོགས་སུ་གཞུང་འབྲེལ་གྱི་ཐོག་ནས་སྣེ་ལེན་ཞུས་པ་ཐེངས་དང་པོ་རེད། ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡༥ ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་གཞུང་འབྲེལ་ཐོག་ལྷན་ཁང་གི་སྤྱི་ཁྱབ་ལས་ཁུངས་ཧར་རེ་ཊི་རུ་མན་ Harry S. Truman building ནང་སྲིད་སྐྱོང་མཆོག་མགྲོན་འབོད་བྱས་ཡོད། ཟླ་དེའི་ཚེས་ ༢༠ ཉིན་རྒྱ་ནག་གི་འཆར་ཅན་གྱི་གསར་འགོད་ལྷན་ཚོགས་སྐབས་སུ། ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ་ཀྲའོ་ལི་ཇེན་ (Zhao Lijian) གྱིས། “བོད་ཀྱི་ལས་དོན་ནི་རྒྱ་ནག་གི་ནང་སྲིད་གནད་དོན་རང་ཡིན་པས། ཕྱི་ལོགས་ཀྱི་དབང་ཤུགས་ནས་ཐེ་བྱུས་བྱེད་ཆོག་གི་མེད། བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཞེས་པ་བསྐོ་གཞག་བྱས་པ་དེ་ནི། ཨ་རིས་ཆབ་སྲིད་ཀྱི་ངན་བྱུས་ཤིག་དང་བོད་ནང་གི་འཕེལ་རྒྱས་དང་བརྟན་ལྷིང་ལ་གཏོར་སྐྱོན་བཟོ་བའི་དམིགས་ཡུལ་བཟུང་བ་ཞིག་ཡིན། རྒྱ་ནག་གིས་ད་བར་བསྐོ་གཞག་དེ་ལ་དགག་བྱ་ཆེན་པོ་བྱས་པ་མ་ཚད་ངོས་འཛིན་ནམ་ཡང་བྱེད་མྱོང་མེད་པས། ཨ་རིར་དེའི་སྐོར་དགག་བྱ་ཡོད་པའི་བརྡ་ལན་བཏང་ཡོད། བཙན་བྱོལ་བོད་གཞུང་ཟེར་བ་དེ་ནི་ཁ་བྲལ་བའི་སྲིད་དོན་ཚོགས་པ་ཞིག་ཡིན་པ་དང་། དེས་བོད་རང་བཙན་ཐོབ་ཆེད་དུ་གྲུབ་འབྲས་མེད་པའི་ལས་དོན་སྤེལ་དང་སྤེལ་བཞིན་ཡོད། དེས་རྒྱ་ནག་གི་རྩ་ཁྲིམས་དང་ཁྲིམས་སྒྲིག་ལ་རྩིས་མེད་བཏང་ཡོད་པས་འཛམ་གླིང་ནང་རྒྱལ་ཁབ་སུ་གང་གིས་ངོས་ལེན་བྱས་མེད། དེའི་འགོ་ཁྲིད་བློ་བཟང་སེང་གེ་ནི་རྒྱ་ནག་ལ་ངོ་རྒོལ་བྱེད་མཁན་ཁ་བྲལ་རིང་ལུགས་པ་ཞིག་ཡིན་པ་བརྟེན། བློ་བཟང་སེང་གེས་རྒྱལ་ཁབ་གང་དུ་མིང་དང་གོ་གནས་གང་གི་ཐོག་ནས་ཀྱང་རྒྱ་ནག་ལ་ཁ་གཏད་ཀྱི་ལས་འགུལ་སྤེལ་ཚེ། རྒྱ་ནག་གཞུང་ཕྱོགས་ནས་ངོ་རྒོལ་ཡོད་པ་མ་ཚད། རྒྱལ་ཁབ་ཁག་གི་ལས་བྱེད་དང་ཁོང་ཐུག་འཕྲད་རིགས་གང་འདྲ་ཞིག་བྱེད་ནའང་ངོ་རྒོལ་ཡོད་” ཅེས་དང་། “ཨ་རིའི་ངོས་ནས་བོད་ཀྱི་གནད་དོན་བེད་སྤྱོད་བྱས་ནས། རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱེད་རྒྱུ་མཚམས་འཇོག་དགོས་པ་དང་། སྲིད་སྐྱོང་བློ་བཟང་སེང་གེ་དང་བོད་དོན་དམིགས་བསལ་འབྲེལ་མཐུད་པ་གཉིས་ཀྱི་ཐུག་འཕྲད་དེས། བོད་རང་བཙན་འཐབ་རྩོད་བྱེད་མཁན་ཚོར་བརྡ་ལན་ནོར་འཁྲུལ་ཅན་ཞིག་སྤྲད་ཡོད་” ཅེས་བརྗོད། ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༢༠ ཉིན་གྱི་ཕྱི་དྲོར་སྲིད་སྐྱོང་མཆོག་ཨ་རིའི་ཕོ་བྲང་དཀར་པོའི་ནང་གཞུང་འབྲེལ་ཐོག་གདན་འདྲེན་ཞུས་ཡོད། འདི་ནི་ལོ་ངོ་ ༦༠ ལྷག་གི་ལོ་རྒྱུས་ནང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཞིག་ཨ་རིའི་ཕོ་བྲང་དཀར་པོའི་ནང་གཞུང་འབྲེལ་ཐོག་མགྲོན་འབོད་གནང་བ་ཆེས་ཐོག་མ་དེ་ཆགས་ཡོད། དེ་རིང་བར་རྒྱལ་སྤྱིའི་ཐོག་ཡོད་པའི་རྒྱ་སྐད་དྲ་ལམ་ཆེ་ཁག་ ༤༠ ནང་དོན་ནས་དགག་སྒྲུབ་ཀྱི་དཔྱད་གླེང་གིས་བོད་དོན་གྱི་གཟུགས་བརྙན་འབུར་ནས་འབུར་དུ་དོན་བཞིན་ཡོད།
ཚན་པ་གཉིས་པ། <<རྒྱུ་མཚན་གང་ལ་བརྟེན་ནས་རྒྱ་གར་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་བསྐྱར་ཞིབ་བྱེད་དགོས>> (Why India needs to rethink its Tibet policy) ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༢༠ ཉིན་གྱི་ཕྱི་དྲོར་ཨ་རིའི་གཞུང་ཕྱི་སྲིད་ལྷན་ཁང་གིས་སྲིད་སྐྱོང་མཆོག་ཨ་རིའི་ཕོ་བྲང་དཀར་པོའི་ནང་གཞུང་འབྲེལ་ཐོག་གདན་འདྲེན་ཞུས་པ་དང་། ཚེས་ ༢༣ ཉིན་གསར་འགོད་པ་བསྟན་འཛིན་འཆི་མེད་ཀྱིས་བཅར་འདྲི་ཞུས་པར་སྲིད་སྐྱོང་མཆོག་གིས། “འདས་པའི་དུས་ཡུན་ནང་ཨ་རིའི་ཕྱི་སྲིད་ལས་ཁུངས་དང་ཕོ་བྲང་དཀར་པོའི་ངོས་ནས། ཁྱེད་རང་བཙན་བྱོལ་བོད་མི་དང་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ཀྱི་འགོ་ཁྲིད་ཡིན་སྟབས། གལ་ཏེ་ཁྱེད་རང་ཨ་རིའི་ཕྱི་སྲིད་ལས་ཁུངས་དང་ཕོ་བྲང་དཀར་པོའི་ནང་སླེབ་པ་ཡིན་ན། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་ཨ་རིའི་གཞུང་ནས་ངོས་འཛིན་བྱེད་པ་ཆགས་ཀྱི་ཡོད་པར་བརྟེན། རྒྱ་ནག་གཞུང་གིས་གནོན་ཤུགས་ཡོང་གི་རེད་ཅེས་བཤད་པ་རེད། ངས་ཁོང་རྣམས་ལ་གལ་ཏེ་དེ་ལྟར་ཡིན་ན་ཁྱེད་རྣམས་ཀྱིས་སི་རི་ཡ་ (Syria) དང་། ཝེ་ནི་ཛུ་ལའི་ (Venezuela) བཙན་བྱོལ་གཞུང་གི་མི་སྣ་གདན་འདྲེན་ཞུས་ཡོད་པ་དང་། ང་ཚོ་བོད་མི་རྣམས་ཀྱིས་ད་བར་སྒུག་ནས་ལོ་དྲུག་ཅུ་ཕྱིན་ཡོད་སྐོར་ཞུས་པ་ཡིན། ཟླ་བ་སྔོན་མའི་ནང་ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་གཞུང་འབྲེལ་ཐོག་མགྲོན་འབོད་དང་། ད་ཐེངས་ཕོ་བྲང་དཀར་པོའི་ནང་བཅར་རྒྱུའི་གོ་སྐབས་བྱུང་བ་ནི། བོད་མིའི་སྒྲིག་འཛུགས་དང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་མཆོག་གིས་གསོལ་རས་སྩལ་བའི་མང་གཙོའི་ལམ་ལུགས། བོད་མི་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་སྲིད་སྐྱོང་བཅས་ལ་ངོས་ལེན་གནང་སྟབས་ལོ་རྒྱུས་དང་ཆབ་སྲིད་གཉིས་ཀའི་ཐོག་ནས་གལ་ཆེན་པོ་རེད་” ཅེས་གསུངས།
ཟླ་དེའི་ཚེས་ ༢༤ ཉིན་རྒྱལ་སྤྱིའི་ཐོག་གྲགས་ཆེ་བའི་བརྒྱུད་ལམ་ (The Daily Guardian) ནང་བོད་རིག་པ་དང་རྒྱ་ནག་གི་ལས་དོན་ཐོག་མཁས་དབང་ཁཱིལ་ཌི་ཨར་ཕི་ (Claude Arpi ) ལགས་ཀྱིས་སྤེལ་བའི་ཆེད་རྩོམ། <<རྒྱུ་མཚན་གང་ལ་བརྟེན་ནས་རྒྱ་གར་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་བསྐྱར་ཞིབ་བྱེད་དགོས>> (Why India needs to rethink its Tibet policy, if there’s one) ཅེས་པའི་ནང་། “ཨ་རིའི་གཞུང་གིས་བཙན་བྱོལ་བོད་གཞུང་ངོས་ལེན་བྱས་པ་དེས་དྲི་བ་ཞིག་བཏོན་པ་ནི། འཕགས་བོད་གཉིས་ཀྱི་དོན་ཕན་ལྡན་པའི་ཆོས་དང་རིག་གཞུང་བརྗེ་སྒྱུར་དང་ཚོར་འདུ་ཟབ་པའི་འབྲེལ་ལམ་གྱི་ཐོག་ནས། རྒྱ་གར་གཞུང་གིས་རྒྱུ་མཚན་གང་ལ་བརྟེན་ནས་བོད་ཁ་བ་ཅན་ལ་ཆེས་གཞུང་འབྲེལ་དང་དོན་སྙིང་ལྡན་པའི་འབྲེལ་ལམ་འཛུགས་ཀྱི་ཡོད་མ་རེད་” ཅེས་དང་། (A look at the US’s recognition of the Tibetan government-in-exile makes one question why India does not build a more formal and meaningful relationship with the Land of Snows, especially given how the two share a significant cultural, religious and sentimental bond)
ཡང་དེའི་ནང་། “ཆེས་དོ་སྣང་བྱེད་འོས་པ་ཞིག་ནི། སེང་གེ་ཕོ་བྲང་དཀར་པོའི་ནང་མཇལ་འཕྲད་ལ་མ་སོང་བའི་ཉིན་འགའི་སྔོན་དུ། ཨ་རིའི་གྲོས་ཚོགས་འོག་མའི་ནང་གྲོས་ཆོད་ཨང་ (H. Res. 697) ཅན་ཞིག་གཏན་འབེབས་བྱས། དེའི་ནང་༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་སྐུ་ཚེ་ཧྲིལ་པོའི་མཛད་པ་འཕྲིན་ལས་ཀྱིས། འཛམ་གླིང་ནང་ཞི་བདེ་དང་འཆམ་མཐུན་བཟོད་བསྲན་སོགས་གོང་སྤེལ་གཏོང་བར་ངོས་འཛིན་དང་། བོད་དང་བོད་མིར་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ནང་། མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་དགོས་པ་འཁོད་ཡོད་ཅིང་། ཨ་རི་དང་བོད་དབར་ལོ་རྒྱུས་ཐོག་མཛའ་འབྲེལ་གཏིང་ཟབ་ཡོད་པ་དེ་དག་ངོས་འཛིན་ཐུབ་དགོས་པ། ༧གོང་ས་མཆོག་གིས་འཛམ་གླིང་ནང་འཚེ་མེད་ཞི་བདེ་གོང་སྤེལ་གཏོང་རྒྱུའི་མཛད་བཟང་ལ་ཆེ་བསྟོད་ཞུ་རྒྱུ། ཚེས་ ༡༨ ཉིན་གྲོས་ཆོད་ཐོག་བགྲོ་གླེང་སྐབས་གྲོས་ཚོགས་འཐུས་མི་སྐུ་ཞབས་ཌི་ཌི་ཡོ་ཧོ་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་པའི་ཆོས་དད་རང་དབང་བརྩི་མེད་རྡོག་རོལ་གཏོང་བཞིན་པར་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད། ཁོང་གིས་རྒྱ་ནག་དམར་ཤོག་གཞུང་གིས་བོད་པའི་ཆོས་དང་རིག་གཞུང་ནི་ཁོང་ཚོའི་སྟངས་འཛིན་བྱེད་རྒྱུར་ཉེན་ཁ་ཞིག་ཏུ་མཐོང་བཞིན་ཡོད་” ཅེས་བཤད་ཡོད། (Interestingly, a few days before Sangay’s visit to the White House, the US House of Representatives passed a resolution (H. Res. 697): “Affirming the significance of the advocacy for genuine autonomy for Tibetans in the People’s Republic of China and the work His Holiness the 14th Dalai Lama has done to promote global peace, harmony, and understanding.” On 18 November, during the debate, Representative Ted Yoho also strongly criticised Beijing for violating the Tibetans’ religious freedom: “the CCP sees Tibet culture and religious heritage as a threat to its control”.)
“ཨ་རིའི་གཞུང་གི་ཁྲིམས་གཞི་འགའ་ཤས་ཀྱིས་རྒྱ་གར་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་བསྐྱར་ཞིབ་དགོས་པའི་རྐྱེན་སློང་དགོས་པ་ཞིག་དང་། ༼ལྡི་ལི་སྲིད་གཞུང་ལ་གཅིག་ཡོད་མེད་གཏན་གཏན་མེད།༽ དཔེར་མཚོན་ཞིག་ནི་ཨ་རིའི་གཞུང་གིས་༧ཏཱ་ལའི་བླ་མ་མཆོག་གི་ཡང་སྲིད་ཐོག་བཞག་པའི་གྲོས་ཆོད་དེ་རེད། ༧ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཐུགས་རེ་དང་མཉམ་དུ་ཡིག་ཐོག་ནས་ཞལ་འཆེམས་གང་ཞིག་གནང་རྒྱུ་བཅས་ནི། འབྱུང་འགྱུར་སྐུ་ཕྲེང་བཅུ་ལྔ་པའི་ཡང་སྲིད་འདེམས་སྒྲུག་དང་ཁོང་གི་སློབ་སྦྱོང་། ཆེ་མཐོང་བཅས་ལ་ཧ་ཅང་གནད་ཆེ་བའི་ལས་དོན་ཞིག་ཡིན། རྒྱུ་མཚན་གང་ལ་བརྟེན་ནས་རྒྱ་གར་གཞུང་གིས་༧ཏཱ་ལའི་བླ་མ་མཆོག་གི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཐད། ༧ཏཱ་ལའི་བླ་མ་མཆོག་གིས་ཐག་གཅོད་གང་གནང་བ་ལ་རྒྱབ་སྐྱོར་ཡོད་ཅེས། གྲོས་ཆོད་སྟབས་བདེ་ཞིག་གཏན་འབེབས་བྱེད་ཐུབ་ཀྱི་ཡོད་མ་རེད། ཕྱི་ལོ་ ༡༩༥༩ ནས་ད་ལྟའི་བར་རྒྱ་གར་ནང་ཆེས་མཐོའི་སྐུ་མགྲོན་གྱི་ངོ་བོར་ཐོག་བཞུགས་པའི་ད་ལྟའི་༧ཏཱ་ལའི་བླ་མ་ནང་བཞིན། ༧ཏཱ་ལའི་བླ་མ་སྐུ་ཕྲེང་བཅོ་ལྔ་པ་དེ་བཞུགས་རྒྱུར་དགའ་བསུ་ཞུ་ཐུབ་ཀྱི་ཡོད་མ་རེད་” (Some parts of the US legislation should trigger a re-thinking of India’s Tibet policy (not sure if Delhi has one!). Take the example of the US Statement of Policy on Reincarnation of Dalai Lama: “The wishes of the 14th Dalai Lama, including any written instructions, should play a determinative role in the selection, education, and veneration of a future 15th Dalai Lama.” Why can’t South Block simply state that it will support all the decisions taken by the Dalai Lama in the matter of his reincarnation and will welcome the 15th Dalai Lama as an honoured guest of India, like the present pontiff has been since 1959.)
ཆེད་རྩོམ་དེའི་ནང་ “ཨ་རིའི་གཞུང་གིས་༧ཏཱ་ལའི་བླ་མ་མཆོག་གི་ཡང་སྲིད་ཐོག་བཞག་པའི་གྲོས་ཆོད་” ཅེས་འཁོད་པ་དེ་ནི། ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༢༥ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་ནང་། “བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་དང་། ཆོས་ལུགས་ཀྱི་དབུ་ཁྲིད་བསྐོ་གཞག་གནང་ཕྱོགས་སོགས། བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་ལམ་ལུགས་ལ་རྒྱ་ནག་གཞུང་གིས་ཐེ་བྱུས་བྱས་ཚེ་རྩིས་མེད་གཏོང་རྒྱུ་ཡིན།” ཞེས་གྲོས་ཆོད་ཡིག་ཆ་ཨང་ ༼S.Res.429 ༽ ཅན་ཞིག་བཞག་པར། ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་འཐུས་མི་རྣམས་ཀྱིས་མང་མོས་ཐོག་རྒྱབ་སྐྱོར་གྱིས་གཏན་འབེབས་གནང་། གོ་སྐབས་དེ་དང་བསྟུན་ནས་སྲིད་སྐྱོང་མཆོག་གིས། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་རྣམ་པས་བོད་མིའི་སྒྲིག་འཛུགས་ཀྱི་རེ་སྐུལ་བཞིན། འབྱུང་འགྱུར་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་ཡང་སྲིད་ཕེབས་ཕྱོགས་ཐད་གྲོས་ཆོད་བཞག་པར་དགའ་བསུ་དང་ཐུགས་རྗེ་ཆེ་ཞུས་པའི་ཕྱག་བྲིས་ཕུལ་བའི་ནང་ “ཨ་རིའི་གྲོས་ཚོགས་གོང་མའི་གྲོས་ཆོད་དེས་བོད་མིར་རྒྱབ་སྐྱོར་དང་། ཕྱིའི་ཤུགས་རྐྱེན་ལ་ཁ་གཏད་དུ་ལངས་པ་ཞིག་ཡིན་པ་མ་ཟད། ལྷག་པར་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་ཐུན་མོང་མ་ཡིན་པའི་བླ་སྤྲུལ་ཡང་སྲིད་རྩད་འཚོལ་དང་ངོས་འཛིན་ཐག་གཅོད་བྱ་རྒྱུའི་ལམ་སྲོལ་སྔར་ལམ་ཡོད་པ་དེར་བརྩི་མེད་རྡོག་རོལ་བཏང་ནས་ཐེ་བྱུས་བྱེད་པའི་ཕྱིའི་སྟོབས་ཤུགས་ལ་མཐའ་གཅིག་ཏུ་ངོ་རྒོལ་གནང་བ་ཞིག་མཚོན་ཐུབ།” ཅེས་འཁོད།
ཡང་ཆེད་རྩོམ་དེའི་ནང་། “བོད་མཐོ་སྒང་གི་ཆུའི་འབྱུང་ཁུངས་ཁག་དང་ཁོར་ཡུག་གཅེས་སྐྱོང་ཐད་ལ་ཨ་རིའི་གཞུང་གི་གྲོས་ཆོད་བཞག་པའི་ནང་། བོད་མཐོ་སྒང་ནི་འཁྱགས་རོམ་དང་གཙང་པོ། རྩ་ཐང་། ས་བབས་ཀྱི་གནས་སྟངས། སྣོད་བཅུད་རྟེན་འབྲེལ་གྱིས་བོད་ཀྱི་ཆུ་བོ་ཁག་ནི་ཚོད་རྩིས་ལ་མི་གྲངས་དུང་ཕྱུར་ ༼༡་༨ ༽ གཅིག་དང་ས་ཡ་བརྒྱད་ཀྱི་ཚེ་སྲོག་དང་འབྲེལ་ནས་གནས་ཡོད། འོན་ཀྱང་། ཨ་རི་ནི་གནས་སྟངས་འདི་དང་ཧ་ཅང་རྒྱང་རིང་དུ་གནས་ཡོད་ཅིང་། རྒྱ་གར་ནི་དེ་ལས་ལྡོག་སྟེ་བོད་མཐོ་སྒང་འཛམ་གླིང་གི་སྣེ་གསུམ་པའི་ཁོར་ཡུག་འགྱུར་ལྡོག་གི་དཀའ་ངལ་མྱོང་མཁན་དང་། བོད་འཛམ་གླིང་གི་ཡང་སྟེང་དུ་ཆུ་མཛོད་འཛུགས་སྐྲུན་ལ་ཚོར་བ་རྣོན་པོའི་ངང་གནས་ཡོད། ལྡི་ལི་སྲིད་གཞུང་གནད་དོན་འདིའི་ཐད་ཁུ་སིམ་པོ་བསྡད་པ་དེ་ནི་ཡ་ང་སྙིང་རྗེ་སྐྱེ་དགོས་པ་ཞིག་རེད།” ཅེས་འཁོད། (Then, regarding the preservation of the Tibetan plateau’s environment and water resources, the US bill “recognises the key role of Tibetan plateau as it contains glaciers, rivers, grasslands, and other geographical and ecological features that are crucial for supporting vegetation growth and biodiversity, regulating water flow and supply for an estimated 1.8 billion people.” America is far away, but it is India which will suffer the brunt of the climate change on the Third Pole and the intensive damming on the Roof of the World. It is a great pity that Delhi keeps mum on the subject.)
རྩོམ་ཡིག་འདིའི་གནད་དོན་དང་འབྲེལ་ཆགས་པ་ཞིག་ནི། ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༢༥ ཉིན་རྡ་སར་བསྐོངས་ཚོགས་བྱས་པའི་ ༼བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པའི་༽ ཚོགས་བཅར་བ་ཚོར་༧གོང་ས་མཆོག་གིས། “ལོ་གཅིག་ལྡི་ལིར་ཚགས་པར་རྒྱག་མཁན་ཁ་ཤས་ཤིག་ཐུག་སྟེ་སྐབས་དེར་དུས་རིན་པོ་ཆེ་ ༼བཀའ་ཁྲི༽ ཡང་ཡོད། ཚགས་པར་རྒྱག་མཁན་ཞིག་གིས་རིན་པོ་ཆེར་༼བཙན་བྱོལ་བོད་གཞུང་གི་སྲིད་བློན་༽ ཞེས་བརྗོད་སོང་། ངོས་ཀྱི་སྐབས་དེར་ང་ཚོས་སྲིད་བློན་དང་བཙན་བྱོལ་བོད་གཞུང་ཞེས་བརྗོད་ཀྱི་མེད་ཅེས་ལབ་པ་ཡིན་” ཞེས་གསུངས། བཙན་བྱོལ་བོད་གཞུང་ཟེར་བའི་ཚབ་ཏུ་ “གངས་ལྗོངས་རང་དབང་མང་གཙོའི་སྒྲིག་འཛུགས་སམ་ལྷན་ཁང་” ཞེས་བཏགས་པ་ཡིན་ན། ཆོལ་ཁ་གསུམ་ལ་ཁྱབ་ཐུབ་པ་དང་གཞིས་བྱེས་གཉིས་ཀ་མཚོན་གྱི་ཡོད་སྐོར་གསུངས། ཚེས་ ༢༧ ཉིན་གྲོས་ཚོགས་སུ་སྤྱི་འཐུས་ཚོགས་གཙོས་གསལ་བཤད་སྐབས “ད་ནངས་ཞོགས་པར་ཚོགས་གཙོས་སྐུ་སྒེར་དྲུང་ཆེ་ལ་ཞལ་པར་ཕུལ་བ་བརྒྱུད། ༼བཙན་བྱོལ་བོད་གཞུང་༽ གི་ཚབ་ཏུ་ ༼བཙན་བྱོལ་སྒྲིག་འཛུགས་༽ རང་ལ་ཐུགས་གཏན་འཁེལ་བསྡད་ཡོད་རེད་དམ་ཟེར་ནས་བཀའ་འདྲི་གནང་དུས། སྐུ་སྒེར་དྲུང་ཆེས་མར་བཀའ་ལན་གནང་གསལ་དུ། བཙན་བྱོལ་སྒྲིག་འཛུགས་ཀྱི་ཚབ་ཏུ་ ༼བོད་མིའི་སྒྲིག་འཛུགས་༽ ཟེར་ནས་བཅོས་གནང་རོགས་གནང་ཞེས་བཀའ་གནང་གི་འདུག” ཅེས་བརྗོད་དེ། སྤྱི་འཐུས་ཚོས་བཅའ་ཁྲིམས་ནང་བོད་མིའི་སྒྲིག་འཛུགས་ཞེས་གཏན་འབེབས་བྱས།
༧གོང་ས་མཆོག་ལ་རང་ཆས་སུ་མངའ་བའི་བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་གྱི་སྲིད་དབང་གནང་ས། བོད་མི་མང་གིས་འོས་འདེམས་བྱས་པའི་ཆབ་སྲིད་ཀྱི་འགོ་ཁྲིད། སྲིད་སྐྱོང་བློ་བཟང་སེང་གེ་ཕོ་བྲང་དཀར་པོའི་ནང་གཞུང་འབྲེལ་གྱིས་སྣེ་ལེན་གནང་པ་དེ། “འདས་པའི་མི་ལོ་དྲུག་བཅུའི་རིང་གོམ་པ་རིམ་སྤོས་ཀྱིས་མང་གཙོའི་ལམ་ལུགས་ལག་བསྟར་བྱེད་མཁན་རྡ་རམ་ས་ལའི་སྒྲིག་འཛུགས་དེ། རྒྱ་ནག་གཞུང་གི་བཙན་འཛུལ་འོག་ཡོད་པའི་བོད་དང་བོད་མི་རིགས་ཀྱི་བདེ་དོན་རྩོད་མཁན་གྱི་སྒྲིག་འཛུགས་ཤིག་ལ། ཨ་རིའི་སྲིད་གཞུང་གིས་ངོས་ལེན་བྱས་པ་ཞིག་ཡིན་” ཞེས་ཤོད་མཁན། སྲིད་གཞུང་ཁག་དང་ཆབ་སྲིད་མི་སྣ་སོགས་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད། དེ་དང་མཉམ་དུ་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ནང་ ༼རྒྱ་གར་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་བསྐྱར་ཞིབ་༽ དང་། སྲིད་བྱུས་ཁ་གསལ་དགོས་སྐོར་ཤོད་མཁན་མང་དུ་སོང་བ་དེ་ནས། བོད་མིའི་སྒྲིག་འཛུགས་ཀྱི་གཞི་རྩའི་སྒྲོམ་གཞི་སྲ་བརྟན་ཆགས་པ་ཞིག་ལ་ངོས་འཛིན་བྱེད་དགོས། ཡུལ་ཁྲིམས་ཀྱི་ཆ་ནས་ ༼བཙན་བྱོལ་བོད་གཞུང་༽ ཞེས་པ་དེ་མུ་མཐུད་འཇོག་རྒྱུར། ལོ་རྒྱུས་ཀྱི་འཕེལ་རིམ་དང་གནས་སྟངས་བཅས་ལ་བརྟེན་ནས་འབྱུང་འགྱུར་དཀའ་ངལ་འཕྲད་སྲིད་པ་རྣམས། ད་ཐེངས་ཕོ་བྲང་དཀར་པོའི་སྲིད་བྱུས་གསར་གསར་པ་འདིས་མཇུས་བསྡུས་པའི་ཚད་དུ་སླེབས་ཡོད།