མི་ལོ་གཅིག་ཧྲིལ་པོར་བོད་ཆས་གཙང་མ་གྱོན་པའི་ལས་འགུལ་སྤེལ་རྒྱུ།
ཐེངས་ 36376 བཀླགས་འདུག
མདོ་ཁམས་ཀྱི་ལོ་རྒྱུས་རྩོམ་སྒྲིག་པ་བྲག་གཡབ་ངག་དབང་བྱམས་པ་ལགས་ཀྱིས། ༸གོང་ས་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པ་ནས་འགོ་བཙུགས་ཏེ་དགུང་ལོ་བརྒྱད་ཅུ་གྱ་གཅིག་བར་མི་ལོ་ཧྲིལ་པོ་གཅིག་གི་རིང་། ༸རྒྱལ་བའི་བཀའ་དྲིན་རྗེས་དྲན་དང་རྟེན་འབྲེལ་མཚོན་ཆེད་ལུས་ལ་བོད་ཆས་གཙང་མ་གྱོན་རྒྱུའི་ལས་འགུལ་ཞིག་སྤེལ་རྒྱུ་ཡིན་པ་རེད།
ལས་འགུལ་དེའི་སྐོར་འདི་གའི་རྩོམ་སྒྲིག་པར་དོན་མཚན་གསུམ་ངོ་སྤྲོད་གནང་སོང་། དང་པོ། བོད་ཆས་གཙང་མ་གྱོན་དགོས་པའི་དམིགས་ཡུལ། འཆར་ཉེའི་ཕྱི་ལོ་ ༢༠༡༥ ནང་དུ། སྤྱིར་འཇིག་རྟེན་སྐྱེ་འགྲོ་མཐའ་དག་གི་སྐྱབས་གནས་དམ་པ་དང། ནང་པའི་རྒྱལ་བསྟན་ཡོངས་ཀྱི་མངའ་བདག། སྒོས་སུ་རང་རེ་བོད་གངས་ཅན་པ་རྣམས་ཀྱི་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟ་བུ་བླ་ན་མེད་པའི་སྐྱབས་དང་མགོན་གཅིག་པུ་༸རྒྱལ་མཆོག་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ་མཆོག་གི་སྐུ་ཚེའི་མཛད་འཕྲིན་ཉི་འོད་ཕྱོགས་བཅུར་འཕྲོས་པ་ལྟ་བུའི་ངང་ནས་དགུང་གྲངས་བརྒྱད་ཅུ་ཐམ་པ་བཞེས་ཏེ་འཚོ་ཞིང་བཞུགས་པར་དགའ་སྤྲོའི་རྟེན་འབྲེལ་དང་སྙིང་དབུས་ནས་བཀའ་དྲིན་རྗེས་དྲན་གྱི་མཚོན་བྱེད་ཅིག་ཡིན། གཉིས་པ། དུས་ཚིགས། ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༦ ཉིན་ཏེ། ༸རྒྱལ་དབང་ཡིད་བཞིན་ནོར་བུ་མཆོག་དགུང་ལོ་བརྒྱད་ཅུའི་ནང་དུ་ཕེབས་མགོ་ཚུགས་ཉིན་ནས། ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༦ ཉིན་དགུང་ལོ་གྱ་གཅིག་ནང་དུ་མ་ཕེབས་ཀྱི་བར་ལོ་ངོ་ཧྲིལ་པོ་གཅིག་གི་རིང་གུས་པའི་ལུས་ལ་བོད་ཆས་གཙང་མ་རྒྱུན་གྱོན་བྱ་རྒྱུ་ཡིན། གསུམ་པ། ཁས་ལེན་ཞུ་ས། རང་ནུས་ཁ་ཐབས་ལ་དཔག་པའི་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ལས་དོན་རླབས་ཆེན་འདི་བཞིན་སྒྲུབ་རིང་ཚེ་རབས་ཀུན་སྨན་གྱི་དགེ་ཚོགས་བརྒྱ་འགྱུར་སྟོང་འགྱུར་ལ་འཕེལ་བའི་ཕྱིར་དུ་དམ་པའི་ཆོས་བཞིན་ཐོག་མར་ཁས་ལེན་ནི། མི་རིང་བར་གསེར་ཞལ་མཇལ་སྐལ་བྱུང་ན། འགྲོ་བ་རྣམས་ཀྱི་སྐྱབས་མཆོག་བྲག་གཡབ་༸སྐྱབས་མགོན་དགུ་པ་ཆེན་པོ་རྔོག་ལོ་ཙཱ་བ་བླ་མ་བློ་ལྡན་ཤེས་རབ་མཆོག་གི་སྐུ་མདུན་ནས་ཁས་ལེན་ཞུ་རྒྱུ་ཡིན། ཞེས་པ་དེ་རེད་འདུག
ལོ་འཁོར་ཟླ་བ་བཅུ་གཉིས་ལ་བོད་ཆས་གཙང་མ་གྱོན་པའི་ལས་འགུལ་བ། མདོ་ཁམས་ཀྱི་ལོ་རྒྱུས་རྩོམ་སྒྲིག་པ་བྲག་གཡབ་ངག་དབང་བྱམས་པ་ལགས་ནི། བོད་ཤར་ཕྱོགས་མདོ་ཁམས་བྲག་གཡབ་ཏུ་སྐྱེས་ཤིང་། ཕྱི་ལོ་ ༡༩༩༣ ལོར་རྒྱ་གར་ལ་འབྱོར་བ་དང་ལྷོ་ཕྱོགས་མོན་གྷོ་ར་སྟོད་གྲྭ་ཚང་དུ་ལོ་མང་རིང་སློབ་སྦྱོང་བྱས། ཕྱི་ལོ་ ༢༠༠༤ ནས་རྡ་སར་སློབ་སྦྱོང་གི་འཇུག་བསྐྱངས་ཏེ་ས་རཱ་མཐོ་སློབ་ནས་ཕྱི་ལོ་ ༢༠༡༠ ལོར་རིག་གནས་རབ་འབྱམས་པ་ཐོན། སློབ་སྦྱོང་གི་ཞོར་ལས་དང་སློབ་གྲྭའི་གུང་སེང་གི་སྐབས་སོགས་སུ་རང་གཞུང་བཀའ་ཤག་གི་བཀའ་དགོངས་ལྟར་ཧི་མ་ལ་ཡའི་ཕྱོགས་སུ་བོད་ཀྱི་སྐད་ཡིག་ཡར་རྒྱས་དང༌། གློག་ཀླད་དགེ་རྒན། སྤི་ཏིའི་ལོ་རྒྱུས་འབྲི་འགོད། བོད་ཀྱི་བང་ཆེན་གསར་ཤོག་ཐོག་ཏུ་བོད་ཀྱི་རྒྱལ་རབས་མུ་འགོད་ཀྱི་ལས་ཀ་ལོ་གསུམ་ལྷག་དང་བཙན་བྱོལ་ནང་གི་དུས་དེབ་ཁག་སོགས་སུ་རྩོམ་ཡིག་གྲངས་མང་སྤེལ། རབ་འབྱམས་པ་ཐོན་མ་ཐག་ཏུ་དྷ་ས་བྲག་གཡབ་མི་མང་འོས་འདེམས་བྱས་པ་ལྟར་ཕྱི་ལོ་ ༢༠༡༣ བར་བྲག་གཡབ་སྐྱིད་སྡུག་གི་ཚོགས་གཙོ་ལོ་གསུམ་གནང་། ཕྱི་ལོ་ ༢༠༡༠ ལོ་དཀྱིལ་ཙམ་ནས་སྐབས་དེའི་བཀའ་ཁྲི་ཟམ་གདོང་རིན་པོ་ཆེའི་ལམ་སྟོན་འོག་སྤི་ཏི་ཕྱོགས་སུ་བོད་ཡིག་དང་གློག་ཀླད་དགེ་རྒན་སླར་ཡང་ལོ་གཅིག་ཙམ་གནང་སྟེ། སྐབས་དེར་བྷོ་ཊི་ཞེས་པའི་གསར་ཤོག་ཅིག་ཀྱང་འདོན་སྤེལ་དང་། ཕྱི་ལོ་ ༢༠༡༣ ལོ་ཕྱེད་ཙམ་ནས་༸རྒྱལ་བའི་བཀའ་དགོངས་ལྟར། བོད་མི་མང་སྤྱི་འཐུས་འབའ་པ་སྐལ་བཟང་རྒྱལ་མཚན་ལགས་ནས་མཚམས་སྦྱོར་གནང་བ་བཞིན་ཆོལ་གསུམ་ལོ་རྒྱུས་འབྲི་རྩོམ་གྱི་ཁོངས་སུ་མདོ་ཁམས་ཀྱི་ལོ་རྒྱུས་འབྲི་རྩོམ་དང་། རང་གཞུང་དཔལ་ལྡན་ཤེས་རིག་ལས་ཁུངས་སུ་མཐོ་རིམ་ཉམས་ཞིབ་ཀྱི་ཆེད་རྩོམ་འབྲི་གནང་བཞིན་པ་རེད།
ལས་འགུལ་བ་ཁོང་རང་ཉིད་ཀྱིས་གསུང་ན། བོད་དོན་ཉག་ཕྲ་མོ་འདི་འདྲའི་སྐབས་སུ་༸རྒྱལ་བའི་བཀའ་དགོངས་ལྟར་བོད་མི་རྣམས་རང་རང་སོ་སོས་ཡ་རབས་སྤྱོད་བཟང་དང། ལྷག་པར་དུ་རླབས་ཆེ་བའི་བོད་ཀྱི་ཆོས་དང་རིག་གཞུང། སྐད་དང་ཡི་གེ་སོགས་ཡར་རྒྱས་དར་སྤེལ་གཏོང་ཐབས་ཀྱི་སྐོར་དུས་དང་རྣམ་པ་ཀུན་ཏུ་བསམ་གཞིག་འབད་བརྩོན་བྱ་དགོས་པ་ནི་བོད་རིགས་མི་རེ་ངོ་རེའི་ཕྲག་ཏུ་བབ་པའི་ལས་འགན་ཞིག་ཡིན། དེའི་ཕྱིར་གུས་པ་རང་ཉིད་ཀྱི་ངོས་ནས་ཀྱང་ད་བར་བོད་ཀྱི་སྐད་ཡིག་སོགས་སྤྱི་ཕན་བྱ་གཞག་ཐད་ཉིན་མཚན་ལྟོས་མེད་རང་ནུས་གང་ཡོད་ཀྱིས་སྒྲུབ་མུས་ཐོག རྗེས་ལོ་ནས་ཀྱང་རང་གི་ནུས་ཚོད་ལ་དཔག་པའི་དུས་ཚིགས་ལྡན་པའི་བོད་ཆས་གཙང་མ་ཞིག་གྱོན་རྒྱུའི་འཆར་གཞི་བྱས་པ་ཡིན། བོད་ཆས་འཆར་འགོད་སྐོར། ལོ་གཅིག་རིང་བོད་ཆས་གང་འདྲ་ཞིག་གྱོན་དགོས་མིན་སོགས་ནི། རྡ་ས་བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་གི་གཤམ་འོག་ཏུ་ཡོད་པའི་གནའ་དེང་བོད་ཀྱི་གྱོན་ཆས་བཟོ་ཚོང་ཁང་གི་བཟོ་རྩལ་བ་བྲག་གཡབ་ཕུར་བུ་ཚེ་རིང་ལགས་ཀྱིས་གསར་བཟོའི་འཆར་འགོད་གནང་འཆར་ཡོད། ཅེས་ངོ་སྤྲོད་གནང་སོང་།