རྒྱལ་གཅེས་པའི་བོད་རང་བཙན་གྱི་ཀི་སྒྲ་ཇེ་ཆེ་ནས་ཇེ་ཆེས་རེད་གདའ།
ཐེངས་ 8879 བཀླགས་འདུག
བོད་རང་བཙན་གོམ་བགྲོད་ཀྱི་བསྒྲགས་གཏམ་དང་དགོས་འདུན། བོད་མིའི་གསུམ་བཅུའི་སྒེར་ལངས་ཐེངས་ ༦༠ པ་སྲུང་བརྩི་ཞུ།
སྤྱི་ལོ་ ༡༩༡༣ ལོར་བོད་དང་སོག་པོ་དབར་བོད་སོག་ཆིངས་ཡིག་བཞག་པ་དང༌། ལོ་དེའི་ཟླ་ ༢ ཚེས་ ༡༣ ཉིན་༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་ཐུབ་བསྟན་རྒྱ་མཚོ་མཆོག་གིས་བོད་མི་སེར་སྐྱ་ཡོངས་ལ་སྤང་བླང་རྩ་ཚིག་དོན་ཚན་ལྔ་འཁོད་པའི། འདས་དང་ད་ལྟར་བོད་རང་བཙན་ཡིན་པ་མ་ཟད། མ་འོངས་པར་ཡང་བོད་དེ་རང་བཙན་ལྡན་པའི་རྒྱལ་ཁབ་ཅིག་ཏུ། ཇི་ལྟར་འཛིན་སྐྱོང་གནང་རྒྱུའི་སྐོར། བོད་རང་བཙན་གྱི་བསྒྲགས་གཏམ་སྤེལ་བའི་ཉིན་མོ་གལ་ཆེན་ཞིག་ཡིན་པས། མེས་རྒྱལ་བོད་ནས་ཐག་རིང་དུ་གྱར་བའི་ངེད་བོད་ཀྱི་བུ་ཕྲུག་ཚོས། ཕ་ས་དང་མེས་རྒྱལ་ལྷག་ཏུ་དྲན་བཞིན། ས་མཐའ་ནིའུ་ཡོག་ནས་བོད་མིའི་གསུམ་བཅུའི་སྒེར་ལངས་ཐེངས་ ༦༠ པ་སྲུང་བརྩིའི་ལས་འགུལ་ཞིག་དེ་རིང་རང་ཁྱིམ་ནས་གསལ་བསྒྲགས་བྱ་རྒྱུ་ཡིན།
འདི་ལོ་ནི་དགྲ་བོ་རྒྱ་ནག་གིས་བོད་རྒྱལ་ཁབ་ལ་བཙན་འཛུལ་བྱས་པར། བོད་རྒྱ་ཆེའི་མི་དམངས་ཀྱིས་སྙིང་སྟོབས་ཆེན་པོས་ཡར་ལངས་ངོ་རྒོལ་དང་། བདག་དབང་གསལ་སྟོན། དབུ་འཁྲིད་སྲུང་སྐྱོབ། རྡོག་རྩ་ཆིག་སྒྲིལ། བོད་རང་བཙན་སླར་གསོ་བཅས་ཀྱི་ཆོད་སེམས་དང་། མངོན་འདོད་གསལ་པོར་བསྒྲགས་པའི་གཟི་བརྗིད་ཅན་གྱི་ཉིན་མོ་རླབས་ཆེན་ཞིག་སྟེ། བོད་མིའི་གསུམ་བཅུའི་སྒེར་ལངས་བྱས་ནས་མི་ལོ ༦༠ འཁོར་བའི་ལོ་དུས་ཡིན་པས། བོད་མིའི་གསུམ་བཅུའི་སྒེར་ལངས་ཐེངས་ ༦༠ པ་སྲུང་བརྩི་ཞུ་བ་དང་། བོད་ཀྱི་རྒྱལ་ས་ལྷ་སར་དང་བླང་མི་དམངས་གཙོས་གསུམ་བཅུའི་སྒེར་ལངས་ཐེངས་དང་པོའི་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་གུས་འདུད་ཞུ་སླད། ཁོང་ཚོའི་ལས་འགུལ་གྱི་ངོ་བོ་དང་ཁ་ཕྱོགས་རྩ་འཛིན་བྱས་ཏེ། ང་ཚོས་གསུམ་བཅུའི་སྒེར་ལངས་ཐེངས་དང་པོའི་དཔའ་བོ་དཔའ་མོ་རྣམ་པའི་ཁ་ཆེམས་ཀྱི་སྦྱར་བྱང་ཕྲག་ཏུ་འཁྱེར་ནས། སྤྱི་ལོ ༢༠༡༩ ཟླ ༣ ཚེས ༣ ཉིན་ནས་འགོ་བཙུགས་ཏེ། བོད་རང་བཙན་གོམ་བགྲོད་སོགས། ལས་འགུལ་ཁག་ཅིག་རིམ་པས་སྤེལ་རྒྱུ་ཡིན།
ང་ཚོ་སྒེར་ངོས་ནས་ལས་འགུལ་འདི་དག་སྤེལ་དགོས་དོན་གཞན་ཞིག་ནི། དཔའ་བོ་དཔའ་མོའི་བཀའ་དྲིན་རྗེས་དྲན་དང་། ཁོང་ཚོས་རྩ་འཛུགས་དང་ལམ་སྟོན་གནང་བའི་བོད་རང་བཙན་སླར་གསོའི་རྩ་དོན་རྒྱུན་འཁྱོངས་ཀྱིས་འཐབ་རྩོད་གསོན་གནས་མདུན་སྐྱོད་ཐུབ་ཐབས་སླད་ཡིན།
གོམ་བགྲོད་ཀྱི་ས་ཚིགས་ནི། ཨ་རི་སྟོབས་ཆེན་རྒྱལ་ཁབ་འདིའི་རང་བཙན་འཐབ་རྩོད་ཀྱི་གསར་བརྗེའི་ལོ་རྒྱུས་ནང་། མི་སེར་སྤེལ་ཡུལ་ཨ་རིའི་མངའ་སྡེ་བཅུ་གསུམ་གྱིས་དབྱིན་ཇི་བཙན་འཛུལ་པར་ངོ་རྒོལ་དང་། བཙན་འཛུལ་ཕྱིར་འབུད་ཀྱི་ཐབས་ཇུས་འདེང་ས་དང་། ཨ་རིའི་རང་བཙན་བསྒྲགས་གཏམ་སྤེལ་སའི་མངའ་སྡེ། ཧྥི་ལ་ཌེ་ཧྥེ་ཡར་ཡོད་པའི་རང་བཙན་ཚོགས་ཁང་ཆེན་མོ་ Independence Hall དང་། ཨ་རི་བའི་རང་དབང་གི་མཚོན་རྟགས་སུ་འབོད་པའི་རང་བཙན་དྲིལ་བུའི་ liberty bell, historic simbol of American freedom མདུན་ནས་འགོ་བཙུགས་ཏེ། ཧྥི་ལ་ཌེ་ཧྥེ་ཡ་དང་། ནིའུ་འཇེར་སི། ནིའུ་ཡོག་བཅས་མངའ་སྡེ་གསུམ་ནང་གོམ་བགྲོད་ཀྱིས་མཐར་ནིའུ་ཡོག་ཏུ་ཡོད་པའི་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་དབུས་མའི་མདུན་དུ། གོམ་བགྲོད་མཇུག་སྡོམ་བྱ་རྒྱུ་ཡིན།
གོམ་བགྲོད་ཀྱི་ལས་རིམ་ཁྲོད། ལམ་བར་དུ་མི་མང་གི་རྒྱབ་སྐྱོར་ས་ཡིག་བསྡུ་ལེན་དང་། གྲོང་ཁྱེར་ཁག་ཏུ་སྐོར་སྐྱོད་ཀྱིས་གྲོང་ཁྱེར་སྤྱི་ཁྱབ་དང་། གྲོང་ཁྱེར་སྲིད་སྐྱོང་། དེ་བཞིན་གྲོས་ཚོགས་འཐུས་མི་སོགས། འབྲེལ་ཡོད་ཁག་གི་མཚན་ཐོག་ལ་ཞུ་སྙན་དང་མཇལ་འཕྲད་ཡོང་ཐབས། མཐར་ལོ་མཇུག་ཏུ་འདི་ལོར་སྤེལ་ཟིན་པའི་ལས་འགུལ་ཁག་རྒྱབ་ལྗོངས་སུ་འཁྱེར་ནས་ཨ་རིའི་དབུས་གཞུང་ལ་ཞུ་གཏུགས་ཡོང་ཐབས་བྱ་རྒྱུ།
ད་དུང་ལོ་འདིར་རིམ་པས་ནིའུ་ཡོག་གི་མཐོ་སློབ་དང་། གཙུག་ལག་སློབ་གྲྭ་ཁག་ལ་གསུམ་བཅུའི་དུས་དྲན་སྐོར་ངོ་སྤྲོད་ཀྱི་ལས་འགུལ་སྤེལ་ཐབས། ལྷག་པར་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་དབུས་ལས་ཁུངས་ལ་དགོས་འདུན་གྱི་ཡིག་ཆ་འབུལ་ཐབས་དང་། དགྲ་བོ་རྒྱ་ནག་གི་གཞུང་ཚབ་ནིའུ་ཡོག་བཅའ་སྡོད་ལ་དགོས་འདུན་གྱི་ཡིག་ཆ་སྤྲོད་ཐབས་བྱ་འཆར། དེ་བཞིན་སྤྱི་ལོ ༡༩༥༩ ལོའི་སྤྱི་ཟླ་གསུམ་པར་ལྷ་སར་བོད་མི་ཁྲི་ཕྲག་མང་པོས་བོད་རང་བཙན་གྱི་སྐད་འབོད་བྱེད་བཞིན་རྒྱ་གར་གཞུང་ཚབ་དང་། བལ་ཡུལ་གཞུང་ཚབ་ཁང་དུ་ཕྱིན་ཏེ། བོད་དུ་རྒྱ་དམར་གྱིས་བཙན་འཛུལ་བྱས་པར་བར་དཔང་དང་། བོད་མི་དམངས་ཀྱི་རེ་འདུན་ལ་རྒྱབ་སྐྱོར་དགོས་ཞེས་འབོད་སྐུལ་བྱས་པ་ལྟར། ང་ཚོས་ཀྱང་ནིའུ་ཡོག་ཏུ་བཅའ་བཞུགས་རྒྱ་གར་དང་བལ་པོའི་གཞུང་ཚབ་ཁང་གཉིས་ལ་ལོ་རྒྱུས་དྲན་གསོ་དང་། ལས་འགུལ་གྱི་དགོས་འདུན་ཡི་གེ་འབུལ་རྒྱུ།
དེ་བཞིན་སྤྱི་ལོ ༡༩༥༩ ལོར་ནིའུ་ཡོག་མཉམ་སྦྲེལ་རྒྱལ་ཚོགས་མདུན་དུ་སོག་པོ་ཚོས་སོག་ཡིག་དང་། བོད་ཡིག དབྱིན་ཡིག་གསུམ་གྱི་སྦྱར་བྱང་འཕྱར་ཏེ། བོད་ལ་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་བར་བཀའ་དྲིན་རྗེས་དྲན་ཞུ་སླད། ནིའུ་ཡོག་སོག་པོའི་གཞུང་ཚབ་ཁང་དུ་ལོ་རྒྱུས་དྲན་གསོའི་བཀའ་དྲིན་རྗེས་དྲན་གྱི་མཇལ་དར་དང། ལས་འགུལ་གྱི་དགོས་འདུན་ཡིག་ཆ་འབུལ་ཐབས་བྱ་རྒྱུ་བཅས། དེ་རིང་གི་གོམ་བགྲོད་འདི་ཉིད། ཧྥེ་ལ་ཌེ་ཧྥེ་ཡ་ནས་ནིའུ་ཡོག་ཏུ་ཐད་ཀར་གོམ་བགྲོད་ཀྱིས་ཡོང་བ་ཙམ་མིན་པར། གོམ་བགྲོད་ལས་འགུལ་འདི་ཉིད་སྒྲིག་འཛུགས་དང་། ཆེ་མཐོང་ངང་རྩ་དོན་ལ་གྲུབ་འབྲས་ཡོང་བར་འབད་རྩོན་བྱ་འཆར་ལགས་ན། བོད་རིགས་སྤུན་ཟླ་ཚོས་རང་འགན་རང་འཁུར་གྱིས་རྒྱབ་སྐྱོར་ཡོང་བའི་རེ་འབོད་ཞུ་རྒྱུ་ཡིན།
འདི་ནི། ང་ཚོ་ཐུན་མོང་གི་བོད་ཀྱི་ལ་རྒྱ་དང་། བོད་རྒྱལ་ཁབ་སླར་གསོ་ལ་རེ་བའི་འགུལ་སྐྱོད་ཅིག་ཡིན་པ་མ་ཟད། གསུམ་བཅུའི་སྒེར་ལངས་ཐེངས་དང་པོའི་གཙོས། བོད་རང་བཙན་སླར་གསོའི་རླབས་ཆེན་གྱི་ལས་དོན་སླད། སྐུ་སྲོག་ཤོར་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམ་པའི་སྙིང་སྟོབས་ལ་གུས་བཀུར་དང་བཀའ་དྲིན་རྗེས་དྲན་མཚོན་པ་ཞིག་ཀྱང་ཡིན་པས། སྤུན་ཟླ་ཚོས་གཤམ་འཁོད་ལྟར། ལས་འགུལ་ལ་རྒྱབ་སྐྱོར་ཀྱིས་ང་ཚོ་ཐུན་མོང་གི་འགན་འཁུར་མཉམ་དུ་སྒྲུབས།
དགོས་འདུན་ཐོག་ས་ཡིག་དང་། འདྲ་དཔར་བསྡུ་རུབ་ཀྱི་རྒྱབ་སྐྱོར་ལས་འགུལ།
བོད་དུ་རྒྱ་ནག་གིས་བཙན་འཛུལ་བཙན་བཟུང་ལ་ངོ་རྒོལ་དང་། བོད་རང་བཙན་སླར་གསོ་ལ་རྒྱབ་སྐྱོར་ཡོད། ཅེས་པའི་དཔང་ཡིག་ཐོག་དྲྭ་ལམ་དང་། གོམ་བགྲོད་བྱ་ཡུལ་གཉིས་ཀ་ནས་ས་ཡིག་བསྡུ་རུབ་དང་། དཔང་ཡིག་བཟུང་ནས་དཔར་ལེན་པའི་ལས་འགུལ་ཞིག་ཀྱང་སྤེལ་རྒྱུ་ཡིན་པས། འཛམ་གླིང་ཡུལ་གྲུ་གང་ས་ནས་ལས་འགུལ་འདིར་དྲྭ་ཐོག་རྒྱབ་སྐྱོར་མཉམ་ཞུགས་ཐུབ་པ་མ་ཟད། བརྗོད་སྙིང་འདི་འཁོད་པའི་འདྲ་དཔར་ཤོག་བྱང་ཐོག་དཔར་ཏེ། འདྲ་དཔར་བསྡུ་ལེན་བཅས་བྱ་ཐུབ་པས། ངེས་པར་དེ་ལྟར་རྒྱབ་སྐྱོར་དང་། མཉམ་ཞུགས་ཡོང་བ་ཞུ།
ལས་འགུལ་གྱི་དགོས་འདུན།
༡། རྒྱ་ནག་གི་བཙན་འཛུལ་བོད་ནས་ཕྱིར་འཐེན་བྱས་ཏེ། བོད་ཀྱི་བདག་དབང་བོད་མིར་ཕྱིར་སྤྲོད་དགོས།
༢། ༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་གཙོས་བོད་ཀྱི་སྲིད་དོན་བཙོན་པ་ཡོངས་རྫོགས་འཕྲལ་དུ་གློད་གྲོལ་དགོས།
༣། ༡༩༥༩ ནས་ད་བར་མི་ལོའི་དྲུག་ཅུའི་བོད་མིའི་རང་དབང་སྒེར་ལངས་ཀྱི་བརྒྱུད་རིམ་དང་། དགོས་འདུན་ལ་ཨ་རིའི་ས་གནས་དང་། མངའ་སྡེ། གྲོས་ཚོགས་དང་། དབུས་གཞུང་བཅས་ཀྱིས་རྟོགས་ཞིབ་དང་ཉན་ཞིབ་བརྒྱུད། བོད་མིའི་མངོན་འདོད་འགྲུབ་པར་བདེན་རྒྱབ་གནང་རོགས།
༤། རྒྱལ་ཚོགས་ཀྱི་སྐུ་ཚབ་དང་རྒྱལ་སྤྱིའི་གསར་འགོད་ཚོགས་ཆུང་བོད་ནང་བསྐྱོད་དེ། བོད་ནང་དྲག་གནོན་དམ་དྲག་དང་། ད་བར་བོད་མི་ ༡༦༤ ཡིས་རང་ལུས་མེར་སྲེག་གནང་བའི་དགོས་འདུན་སོགས་ཀྱི་ཐད་རྟོགས་ཞིབ་གནང་དགོས།
༥། རྒྱ་ནག་གིས་བོད་དང་། ཤར་ཏུར་ཀི་སི་ཐན། ལྷོ་སོག མན་ཇུ་བཅས། བདག་དབང་ཁ་གསལ་ཡོད་པའི་རྒྱལ་ཁབ་བཞི་ལ་བཙན་འཛུལ་དང་མུ་མཐུད་བཙན་བཟུང་བྱེད་བཞིན་ཡོད་པ་མ་ཟད། དྲྭ་རྒྱ་དང་། སློབ་གྲྭ། བཟོ་ཚོང་ཁང་སོགས་བརྒྱུད་དེ། ཨ་རི་གཙོ་བོ་བྱས་པའི་རྒྱལ་ཁབ་གཞན་དག་གི་གསང་བ་རྐུ་འཁྱེར་དང་། རྒྱལ་ཁབ་གཞན་དག་གི་སྲིད་དོན་ནང་སིམ་འཛུལ་བྱེད་དེ། རྒྱ་ནག་གི་དབང་ཤུགས་རྒྱ་སྐྱེད་ཆེད། རྒྱལ་སྤྱིའི་ཁྱོན་ཡོངས་ཀྱི་རང་དབང་དང་། བདེ་འཇགས་ལ་རྒྱ་ནག་གིས་ཉེན་ཁ་ཚབས་ཆེན་བཟོ་བཞིན་ཡོད་པས། ཨ་རིའི་གཞུང་དང་མང་ཚོགས་ནས་རྒྱ་ནག་གི་བཙན་འཛུལ་རྒྱ་སྐྱེད་ལ་ངེས་པར་དོ་འཁུར་དང་འགོག་གནོན་དགོས།
ལས་འགུལ་གྱི་འབོད་སྒྲ།
༡། བོད་རང་བཙན་ཡིན། ༢། ༧རྒྱལ་བ་ཡིད་བཞིན་ནོར་བུ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག ༣། རྒྱ་མི་བོད་ནས་ཕྱིར་རྒྱུགས་ཤིག ཅེས་པའི་འབོད་ཚིགས་གསུམ་ནི། གསུམ་བཅུའི་སྒེར་ལངས་ཐེངས་དང་པོའི་འབོད་སྒྲ་ཡིན་ཞིང་། འབོད་སྒྲ་དེ་གསུམ་ནི་དཔའ་བོ་དཔའ་མོ་ཁྲི་འབུམ་གྱིས་བོད་རྒྱལ་ཁབ་སླར་གསོའི་རྩ་འཛིན་དུ་འཛམ་གླིང་ལ་ཞུ་འབོད་བྱས་པའི་བདེན་དོན་གྱི་ལོ་རྒྱུས་ངོ་མ་ལགས་ན། དེ་རིང་ང་ཚོས་ཁོང་རྣམ་པའི་ཁ་ཆེམས་དང་། འབོད་སྒྲ་དེ་གསུམ་གོམ་བགྲོད་ཀྱི་ལམ་ནས་མུ་མཐུད་སྐད་ཤུགས་ཆེན་པོས་འཛམ་གླིང་ལ་སླར་ཡང་འབོད་ཀྱི་ཡོད། བོད་མིའི་འཐབ་རྩོད་ཀྱི་བདེན་དོན་ནམ། འཐབ་རྩོད་ཀྱི་བླ་སྲོག་ནི་བོད་རང་བཙན་ཁོ་ན་ཡིན་པས། བོད་རང་བཙན་སླར་གསོ་མ་བྱུང་བར་དུ་བོད་ལ་དྲང་བདེན་བྱུང་མེད་ཅིང་། བོད་ལ་མདུན་ལམ་ཡང་དེ་བས་མེད་པས། སྐྱེ་བོ་དྲང་བདེན་ལ་དགའ་བ་ཚོས་བཙན་འཛུལ་ལ་ངོ་རྒོལ་དང་། དྲང་བདེན་ལ་རྒྱབ་སྐྱོར་ཡོང་བ་ཞུ།
ད་དུང་གོང་གི་འབོད་སྒྲ་གསུམ་ནི་གསུམ་བཅུའི་སྒེར་ལངས་ཐེངས་དང་པོའི་སྐབས། རྩམ་ཟན་བོད་མི་ཁྲི་འབུམ་གྱིས་སྙིང་སྟོབས་ཆེན་པོས་ཚེ་སྲོག་བློས་བཏང་སྟེ། རང་གི་སྤུན་ཟླར་བཅོལ་བའི་དགྲ་གཉེན་ངོ་སྤྲོད་པའི་ཁ་ཆེམས་དམར་པོ་དེ་ལགས་ན། བོད་མི་ནང་ཁུལ་གནད་དོན་བྱེ་བྲག་པའི་ཐོག་མི་མཐུན་པ་ཅི་ཙམ་ཡོད་ཀྱང་། ང་ཚོ་ཐུན་མོང་ལ་དགྲ་བོ་གཅིག་ལས་མེད་པ་ནི། ངེད་ཅག་གི་རྒྱལ་ཁབ་འཕྲོགས་ཤིང་། སྤུན་ཟླ་དམར་གསོད་བྱེད་མཁན་རྒྱ་ནག་དེ་ང་ཚོའི་དགྲ་བོ་ཡིན་པ་བརྗེད་མི་རུང་བར། ང་ཚོ་བོད་གཞིས་བྱེས་གཉིས་ཀས་དགྲ་བོ་རྒྱ་ནག་ལ་འཁོན་སེམས་དམར་པོས་ངོ་རྒོལ་མཐའ་འཁྱོངས་བ་བྱས་ཏེ། བོད་རྒྱལ་ཁབ་སླར་གསོ་དགོས་པ་ང་ཚོའི་འགན་འཁྲི་ཡིན་པ་དང་། དེ་བཞིན་སྤུན་ཟླའི་གཅེས་སེམས་མ་བརྗེད་པར། བོད་མི་ཡོངས་རྫོགས་ནང་ཁུལ་གུ་ཡངས་གཅིག་སྒྲིལ་བྱ་རྒྱུ་ནི། ང་ཚོ་ཐུན་མོང་གི་སྟོབས་ཤུགས་དང་། སྤུན་ཟླ་ཁྲི་འབུམ་གྱི་ཁ་ཆེམས་ཡིན་པས། ཚང་མས་རང་གི་བསམ་སྤྱོད་ལ་ཞུ་དག་ཐེངས་གཅིག་ངེས་པར་གནང་སྟེ། འདི་ལོའི་གསུམ་བཅུའི་དུས་དྲན་ནས་བཟུང་། བོད་ཀྱི་དོན་དུ་བླང་དོར་གྱི་འགྱུར་བ་ཞིག་རང་ཉིད་ནས་འགོ་རྩོམ་རོགས་ཞུ།
དམིགས་བསལ་ང་ཚོ་བཙན་བྱོལ་བོད་མི་རྣམས་ལ་ཞུ་རྒྱུར། གནས་བབ་བཟང་ངན་གང་ཞིག་ཏུ་ཡོད་པ་དང་། སུ་ཞིག་གིས་རོགས་རམ་དང་ཁེ་ཕན་སྤྲད་མིན་ལ་མ་ལྟོས་པར། བོད་མི་ཞིག་ཡིན་པའི་ཆ་ནས་སྤྱི་ལོ ༡༩༥༩ ལོར་བོད་ཀྱི་རྒྱལ་ས་ལྷ་སར་མདོ་དབུས་ཁམས་གསུམ་ཅིག་སྒྲིལ་གྱིས་སྒེར་ལངས་བྱས་པའི་འབོད་སྒྲ་དང་། ལྷག་པར་སྤུན་ཟླ་ཁྲི་འབུམ་གྱིས་ཚེ་སྲོག་བློས་བཏང་བ་དེ་དག་ནམ་ཡང་བརྗེད་མི་རུང་ཞིང་། བོད་པ་ནང་ཁུལ་མི་མཐུན་པ་ཅི་ཙམ་བྱུང་ཡང་། ལས་དབང་གཅིག་པའི་སྤུན་ཟླ་ཡིན་པ་བརྗེད་མི་རུང་ལ། དེ་བས་ཀྱང་གཞིས་ལུས་བོད་མིས་ང་ཚོར་རེ་བ་དང་། སྨོན་ལམ་གྱིས་བསྒུག་ནས་ཡོད་པ་དེ་བརྗེད་མི་ཉན་པའི་དྲན་སྐུལ་སྐྱོ་བ་སྟོང་དང་། རེ་བ་འབུམ་གྱིས་ཞུ་ཡི་ཡོད།
རྒྱལ་སྤྱིའི་ཕྱོགས་སྣ་མང་གི་འགྱུར་བ་སོགས་ལ་བརྟེན། རྒྱ་ནག་སྲིད་གཞུང་མགོ་མཇུག་ལོག་པའམ། སྲིད་ལུགས་འགྱུར་བ་སོགས་གོ་སྐབས་གསར་པ་ཞིག་མགྱོགས་མྱུར་མི་ཤར་བའི་ངེས་པ་མེད་སྟབས། ང་ཚོས་གོ་སྐབས་དེ་ཉིད་བོད་ཀྱི་དགོས་མཁོ་ཅན་དང་། བོད་ཀྱི་དགོས་འདུན་ཅན། བོད་ཀྱི་ལོ་རྒྱུས་ཅན། བོད་ཀྱི་ཕུགས་འཕེར་མདུན་ལམ་ཅན་དུ་གདམ་ཁ་མ་ནོར་བ་ཞིག་བྱ་རྒྱུའི་འཆར་གཞི་དང་། ཐག་གཅོད་ཁ་གསལ་ཞིག་དགོས་གལ་ཧ་ཅང་ཆེ་བས། བོད་མི་ནང་ཁུལ་ལྟ་བ་དང་། ཤོག་ཁག དེ་བཞིན་སྒེར་བར་གྱི་འགལ་བའི་ཆེད་དུ་དུས་ཚོད་དང་། ནུས་པ་ཆུད་ཟོས་སུ་གཏོང་བཞིན་པ་ཚང་མས་འཕྲལ་དུ་མཚམས་འཇོག་བྱས་ཏེ། གོང་གསལ་འཆར་གཞི་དང་། ཐག་གཅོད་མ་ནོར་བ་ཞིག་ཡོང་བར་ནུས་པ་མཉམ་སྤུངས་དང་། རྣམ་དཔྱོད་རྩལ་དུ་འདོན་དགོས་པའི་རེ་སྐུལ་ནན་གྱི་ཞུ་རྒྱུ་ཡིན། འདི་ནི་ང་ཚོ་གཞིས་བྱེས་ལྷན་འཛོམས་ཀྱི་གོ་སྐབས་དམ་འཛིན་བྱེད་ཕྱོགས་གཞན་ཤིག་ཡིན།
སྤུན་ཟླ་ཚོ། ང་ཚོ་མགོ་བོ་བཏེགས་ཤིང་མདུན་དུ་སྐྱོད། རྣམ་དཔྱོད་དང་དཔའ་སྤོབས་སྐྱེད། སྤུན་ཟླ་ཁྲི་འབུམ་དགྲ་བོ་རྒྱ་ཡིས་མནར་གཅོད་དང་། མེ་སྒྱོགས། མེ་མདའ། མེ་དཔུང་ཁྲོད་ནས་གཤེགས་སོང་བས། དགྲ་བོ་ལ་འཛིངས། དགྲ་བོ་ལ་རྒོལ། དཔའ་ངར་སྐྱེད། མེས་པོའི་སྙིང་སྟོབས་དང་། སྤུན་ཟླའི་ཁ་ཆེམས་ནམ་ཡང་མི་བརྗེད་པར། དམ་བཅའ་དང་རུས་རྐང་གིས་སྲུང་དགོས། འདི་ནི་ང་ཚོའི་ལ་རྒྱ་དང་། ང་ཚོའི་མདུན་ལམ་ཡིན།
ལ་རྒྱའི་མགོ་བོ་ཡར་ལ་བཏེགས་ཤིང་། ཤ་འཁོན་གྱི་ཁུ་ཚུར་གནམ་ལ་བསྒྲེངས་ཏེ། བཙན་འཛུལ་གྱི་སྤྲིན་ནག་ཁྲོད་ནས་རང་དབང་གི་ཉི་གཞོན་བསུ། དེ་ལྟར་རྒྱལ་ཁབ་སླར་གསོའི་ལོ་རྒྱུས་འབྲི། འགན་འཁུར་དང་གཟི་བརྗིད་དེའི་ཆེད་དུ། ཆིག་སྒྲིལ་གྱི་ཁུ་ཚུར་གནམ་ལ་བསྒྲེངས་ནས་ཡར་ལ་ལོངས་ཤོག མགོ་བོ་མི་སྒུར།
ནུབ་ཨེ་ཊི་ལན་ཊིག་རྒྱ་མཚོ་ཆེན་མོའི་ North Atlantic Ocean ནས་ལྷ་སའི་སྐྱིད་ཆུ་བར་རྒྱང་ཐག་ལེ་དབར་འབུམ་ཕྲག་གིས་ཆོད་ཀྱང་། ང་ཚོ་དང་མེས་རྒྱལ་བར་འགན་འཁྲི་དང་སེམས་པས་སྦྲེལ་ནས་ཡོད་པས། ཕ་ཡུལ་གྱི་ཁ་བ་དང་། རི་ཆུ། གནམ་ངོ་དང་སྤྲིན་དཀར། སྦྲ་གུར་དང་བཞོ་དབྱངས། མེ་ཏོག་དང་བེའུ་སོགས། ང་ཚོས་ས་མཐའ་ནས་ཕ་ས་ཕ་ཡུལ་རྟག་ཏུ་དྲན་ཞིང་། དབྱར་དགུན་གྱི་སོ་མཚམས་དང་། ས་སྲོད་ཀྱི་སྐབས་སུ་ལྷག་ཏུ་དྲན།
ད་ལྟ་ནམ་ཚ་དགུན་དུས་ཡིན་ཞིང་། ཁ་བ་འབབ་དུས་ཕ་ཡུལ་ལྷག་ཏུ་དྲན་པས། གནས་འདིའི་ཁ་བ་ལ་འཐམ་ནས་ཕ་ཡུལ་གྱི་དྲན་གདུང་ཁ་བ་ལ་གླེང་གི་ཡོད། ང་ཚོ་ཕ་ས་ནས་གཞན་ཡུལ་དུ་གྱར་བའམ། གཞན་ཡུལ་དུ་སྐྱེས་ཤིང་ལུས་པོ་གཞན་ཡུལ་དུ་གྱར་ན་ཡང་། ང་ཚོའི་སེམས་པ་དང་དྲན་གདུང་མེས་རྒྱལ་གྱི་ཕ་སའི་པང་དུ་ཡོད་ཅིང་། ང་ཚོའི་བརྩེ་སེམས་དང་། རེ་བཞག་གཞིས་ལུས་སྤུན་ཟླར་བཅོལ་ཏེ། མེས་རྒྱལ་སླར་གསོའི་ཡིད་ཆེས་དང་རེ་བ་གསོན་པོར་བཟུང་ནས་ཡོད།
སྟོབས་ཆེན་ཨ་རིའི་ཡུལ་དུ་མཐུན་རྐྱེན་དང་བདེ་འཇགས་ཧ་ཅང་བཟང་ཡང་། གཏན་དུ་རང་གི་མེས་རྒྱལ་གྱི་པང་དུ་འཚོ་ཞིང་། མེས་རྒྱལ་གྱི་པང་དུ་འཆི་མཐའ་བསྐྱལ་ན་འདོད་པས། རྒྱལ་ཁབ་སླར་གསོ་བྱུང་དུས་ང་ཚོ་ངེས་པར་ལོག་ཡོང་གི་ཡིན། དེ་ལྟར་ང་ཚོ་ཉིན་ཞིག་རྒྱལ་ཁའི་ཁྲོད་ནས་ངེས་པར་ལྷན་འཛོམས་ཡོང་ངེས་ཤིང་། རྒྱལ་ཁབ་སླར་གསོའི་ལྷན་འཛོམས་དེ་བསྒུག་ནས་ཡོང་བ་ཞིག་མིན་པར། འཐབ་རྩོད་ཀྱིས་བསྐྲུན་དགོས་པས། དེ་རིང་གི་གོམ་བགྲོད་འདི་ཡང་བོད་རང་བཙན་སླར་གསོའི་རྒྱལ་ཁའི་ཁྲོད་ནས། བོད་ཀྱི་རྒྱལ་ས་ལྷ་སར་གཞིས་བྱེས་ལྷན་འཛོམས་ཀྱི་སྟ་གོན་དེ་ཆེད་དུ་ཡིན།
བོད་རང་བཙན་ཡིན། ༧རྒྱལ་བ་ཡིད་བཞིན་ནོར་བུ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག རྒྱ་མི་བོད་ནས་ཕྱིར་རྒྱུགས།
མཐའ་དོན། དང་བླང་མི་དམངས་གཙོས་གསུམ་བཅུའི་སྒེར་ལངས་ཐེངས་དང་པོའི་དཔའ་བོ་དཔའ་མོ་རྣམས་ལ་སྙིང་ནས་སླར་ཡང་གུས་འདུད་རྗེས་དྲན་ཞུ།
བོད་མིའི་སྙིང་སྟོབས་རྒྱལ་ལོ། དཔའ་རྒོད་ཚོའི་ཞལ་ཆེམས་རྒྱལ་ལོ། བོད་རང་བཙན་རྒྱལ་ལོ།
བྱང་ཨ་རི་ནས་སུམ་ཅུའི་སྒེར་ལངས་ཐེངས་དྲུག་ཅུ་པ་སྲུང་བརྩིའི་ཆེད། བོད་རང་བཙན་གོམ་བགྲོད་པ་ཐུན་མོང་གིས་སྤྱི་ལོ ༢༠༡༩།༢།༡༣།ཉིན་ནིའུ་ཡོག་ནས་ཕུལ།། །།
ཟུར་ཞུ། ད་ལྟ་དངོས་སུ་གོམ་བགྲོད་པ་གཏན་འཁེལ་ཟིན་པ་གཤམ་གསལ།
༡། སྟག་འཚེར་རིན་པོ་ཆེའི་སྲས་ཀུན་དགའ་ནོར་བུ།
༢། བསྟན་འཛིན་དབང་འདུས།
༣། སཱ་ནི་བསོད་ནམས།
༤། བློ་དགའ་རང་བཙན།
༥། དོན་གྲུབ་ལྷ་དར།
ད་དུང་གོམ་བགྲོད་ལ་འཛུལ་ཞུགས་གནང་མཁན་དང་། རྒྱབ་སྐྱོར་གནང་མཁན་ཡོད་ཚེ་དགའ་བསུ་ཞུ་ཞིང་། འབྲེལ་བ་བྱ་ཡུལ་བསྟན་འཛིན་དབང་འདུས། ཁ་དཔར་ཨང་གྲངས། ༦༤༦༥༩༡༩༦༦༧ ཡིན་པས། དེ་དོན་འབྲེལ་བ་ཡོང་བ་ཞུ།། །། ཞེས་གསུམ་བཅུའི་དུས་དྲན་ཐེངས་དྲུག་ཅུ་པའི་བསྒྲགས་གཏམ་ནང་འཁོད་གདའ།