བོད་མི་མང་ལ་ཞབས་ཕྱི་མུ་མཐུད་དེ་ཞུ་རྒྱུར་ཆོད་སེམས་གཏན་པོ་ཡིན།
ཐེངས་ 8397 བཀླགས་འདུག
གསལ་བསྒྲགས། འདི་ལོའི་ཕྱི་ཟླ་ ༩ ཚེས་ ༣ ཉིན། བོད་ཀྱི་རྒྱལ་ཡོངས་གཙོ་ཚོགས་པ་དབུ་བརྙེས་ཏེ་མི་ལོ་ཧྲིལ་པོ་ ༢༠ འཁོར་བའི་མཛད་སྒོ་དེ་གཞི་རྒྱ་ཆེན་པོའི་སྒོ་ནས་བོད་གཞུང་ཟློས་གར་དུ་ཚོགས་ནས་རྒྱལ་ཁའི་ངང་གྲོལ་བ་རེད། དེའི་གསར་འགྱུར་ཀྱང་ཨ་རིའི་ཀུན་གླེང་གསར་འགྱུར་གྱིས་གཙོས་བོད་ཀྱི་གསར་ལམ་ཁག་ཕལ་ཆེ་བ་ནས་དོ་སྣང་དང་གསལ་བསྒྲགས་ཤུགས་ཆེན་པོ་ཕྱིན་ཡོད། དེའི་ཉིན་གཉིས་པ་སྟེ། ཕྱི་ཟླ་ ༩ ཚེས་ ༤ ཉིན། གུས་པ་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་དྲུང་ཆེའི་མིང་ཅན་དགེ་བཤེས་སེར་སྨད་བློ་དགའ་ནས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་རྒྱུན་ལས་ཙམ་མ་ཟད། ཚོགས་མི་ནས་ཀྱང་དགོངས་པ་ཞུས་ཟིན་ཡང་།
བོད་ཀྱི་མང་གཙོ། ཞེས་པའི་དྲ་ཚིགས་དང་གནམ་འོག་གསར་འགྱུར་འཕྲིན་ར་སྡེ་ཁག་བཞི་བརྒྱུད་དེ་བོད་ཕྱི་ནང་གཉིས་སུ། བོད་དོན་དྲིལ་བསྒྲགས་བྱེད་པ་སོགས་མུ་མཐུད་དེ་བོད་མི་མང་ལ་ཞབས་ཕྱི་ཞུ་བཞིན་པ་ཡིན། ལས་རིམ་འདི་གཉིས་ཀྱི་ཐོག་ནས་༸གོང་ས་མཆོག་གི་བཀའ་དགོངས་ལྟར། བོད་པ་ཞིག་ཡིན་པའི་ཆ་ནས་བོད་སྤྱི་པའི་ལས་དོན་དང་། དགེ་བཤེས་ཤིག་གི་མིང་ཁྱེར་བཞིན་པའི་ཆ་ནས་སངས་རྒྱས་ཀྱི་བསྟན་པར་ཞབས་འདེགས་མི་དམན་པ་རེ་སྒྲུབ་ཐུབ་ན་བསམ་ནས་ཡོད་ལ། ལས་ཀ་ཡང་མུ་མཐུད་ནས་བྱེད་བཞིན་པ་ཡིན། དེ་དོན་དྲ་གྲོགས་ཡོངས་ནས་དགོངས་འཇགས་ཡོང་བ་ཞུ།
ཞེས་སེར་སྨད་རྡ་ས་སྨྱུང་གནས་གཙུག་ལག་ཁང་གི་འགན་འཛིན་དགེ་བཤེས་སེར་སྨད་བློ་དགའ་ནས་
ཕྱི་ལོ་ ༢༠༡༤ ཕྱི་ཟླ་ ༩ ཚེས་ ༤ ཉིན་ཕུལ།