བོད་པའི་བླ་མ་ཞིག་གིས་གློག་བརྙན་སྦྱང་ནས་བསྡད་པ་ཡིན་གསུངས་སོང་།
ཐེངས་ 36002 བཀླགས་འདུག
མི་དཀྱུས་མ་ཞིག་ལ་བརྩེ་དུང་སོགས་གང་ཡོད་པ་དེ་ང་ལའང་ཡོད།
དེ་རིང་ཉིན་རྒྱབ་ཆུ་ཚོད་ ༡།༥༠ སྟེང་དྷ་རམ་ས་ལའི་ཟློས་གར་ཚོགས་ཁང་དུ། འདས་པའི་ཉིན་བཞིའི་རིང་གི་དྷ་རམ་ས་ལའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་མཇུག་བསྒྲིལ་བ་དང་འབྲེལ་ཏེ། རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ་མཆོག་གིས་བཟོ་སྐྲུན་གནང་བའི་བྱིན་རླབས་སམ་དབྱིན་སྐད་ནང་(Vara)ཞེས་པའི་གློག་བརྙན་དེ་གཟིགས་འབུལ་དང་འབྲེལ། རིན་པོ་ཆེ་མཆོག་གློག་བརྙན་དུས་སྟོན་མཇུག་བསྡོམས་སྟེང་དངོས་སུ་ཕེབས་ཏེ། གོང་གི་གློག་བརྙན་དེ་དང་འབྲེལ་ཏེ་གཟིགས་མོ་བ་རྣམས་དང་དྲི་བ་དྲིས་ལན་དང་། བོད་པ་དང་རྒྱ་གར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བཅས་གནང་སོང་།
དྲི་བ། རིན་པོ་ཆེ་མཆོག་ཐོག་མ་གློག་བརྙན་བཟོ་བའི་ལམ་ཁར་ཇི་ལྟར་ཞུགས་པ་ཡིན་ནམ།
ལན། ངས་གློག་བརྙན་བཟོ་རྒྱུ་དེ། ཐོག་མ་དབྱིན་ཇི་ལུང་པ་ནས་སློབ་སྦྱོང་བྱས་ཏེ་ཏོག་ཙམ་བསྡད་པ་རེད། སྐབས་དེར་ང་རང་གློག་བརྙན་ལྟ་རྒྱུར་དགའ་བོ་ཞེ་དྲག་ཡོད། གློག་བརྙན་ལྟ་རྒྱུའི་གོ་སྐབས་ཀྱང་མང་པོ་རག་གི་འདུག་སྟབས། སློབ་སྦྱོང་ཐོག་དོ་སྣང་མ་བྱས་པར་གློག་བརྙན་སྦྱང་ནས་བསྡད་པ་རེད། སྐབས་དེར་གློག་བརྙན་ཡག་པོ་ཟེར་ན་འདྲ། རྩ་ཆེན་པོ་མང་པོ་ཞིག་ལ་ལྟ་རྒྱུའི་གོ་སྐབས་བྱུང་སོང་། སྐབས་དེར་སོ་སོས་ཀྱང་གློག་བརྙན་བཟོ་ཐུབ་ན་ཅི་མ་རུང་སྙམ་པའི་བསམ་བློ་འཁོར་སོང་། ༡༩༩༣ ལོར་ཨི་ཊ་ལིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཆེན་(Bernardo Bertolucci)ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གྲགས་ཆེན་(Little Buddha)ཞེས་པ་ཕབ་སྐྲུན་སྐབས་སློབ་སྟོན་པ་དང་། སོ་སོས་དངོས་སུ་འཁྲབ་སྟོན་པའི་ལས་ཀའང་ཏོག་ཙམ་བྱས་པ་ཡིན། དེ་ནི་ང་རང་གི་དགེ་རྒན་དང་ལམ་སྟོན་པ་ལྟ་བུ་ཞིག་ཆགས་སོང་། སྐབས་དེ་ཙམ་ནས་རིམ་པས་གློག་བརྙན་བཟོ་རྒྱུའི་ལས་ཀ་བྱས་པ་རེད། དྲི་བ། རིན་པོ་ཆེ་མཆོག་བོད་པའི་བླ་སྤྲུལ་ཞིག་ཡིན་ནའང་དེ་རིང་འདིར་གཟིགས་འབུལ་ཞུས་པའི་གློག་བརྙན་ (Vara)ཞེས་པ་འདི་བོད་པའི་སྤྱི་ཚོགས་དང་འབྲེལ་བ་མེད་པ་མ་ཟད། ནང་པའི་ཆོས་ལུགས་ལའང་འབྲེལ་བ་མེད་པར་རྒྱ་གར་སྤྱི་ཚོགས་ནང་གི་གནས་ཚུལ་ཞིག་བརྗོད་གཞིར་བཟུང་ཡོད་སྟབས། རིན་པོ་ཆེ་མཆོག་གིས་གློག་བརྙན་འདི་འདྲ་ཞིག་བཟོ་དགོས་པའི་རྒྱུ་མཚན་གང་ཡིན་ནམ། ལན། གློག་བརྙན་ཟེར་བ་འདི་དབྱིན་ཇིའི་སྐད་ནང་ལག་ཆ་འདྲ་བོ་ཞིག་རེད། དབྱིན་ཇིའི་སྐད་ནང་(Medium)ཟེར་བ་དེ་དང་གཅིག་པ་རེད། སྤྱིར་བཏང་གྲི་ཟེར་བ་འདི་ལག་ཆ་ཞིག་རེད། གྲི་དེ་བེད་སྤྱོད་གང་ལ་གཏོང་དང་མི་གཏོང་ཟེར་བ་དེ་འཛིན་མཁན་དང་། ཁོའི་ཀུན་སློང་ལ་རགས་ལས་ཡོད་པ་རེད་བསམ་གྱི་འདུག དེ་བཞིན་གློག་བརྙན་ཟེར་བ་འདི་ཡང་ཀུན་སློང་ཡག་པོ་དང་དམིགས་འབེན་ཡག་པོ་ཞིག་ལ་ཁ་གཏད་པ་ཡིན་ན། དེས་སྤྱི་ཚོགས་ལ་ཕན་ཐོགས་འབྱུང་ཐུབ་པ་ཞིག་རེད། ངས་དེ་རིང་མང་ཚོགས་ལ་ཞུས་པ་ལྟར། ང་རང་གི་དམིགས་ཡུལ་ངོ་མ་དེ། མ་འོངས་པར་སྟོན་པ་ཤཱཀྱ་ཐུབ་པའི་རྣམ་ཐར་སྐོར་གྱི་གློག་བརྙན་ཞིག་བཟོ་ཐུབ་ན་བསམ་ཡོད། དེ་བཟོ་བར་གློག་བརྙན་སྐོར་ལ་ཉམས་མྱོང་ཆེན་པོ་ཞིག་དགོས་པ་རེད། སྟོན་པའི་རྣམ་ཐར་གྱི་གློག་བརྙན་དེ་ལས་གཞི་ཧ་ཅང་རྒྱ་ཆེན་པོ་ཞིག་རེད། དེ་ཡག་པོ་ཞིག་མ་བྱུང་ན་ང་ནང་པ་ཞིག་ཡིན་པའི་ཆ་ནས་ཡག་པོ་མི་འདུག དེར་བརྟེན། ཉམས་མྱོང་གསོག་པའི་ཆེད་དུ་འདི་ལྟ་བུའི་གློག་བརྙན་ཆུང་ཆུང་འགའ་རེ་བཟོས་པ་ཡིན། དེ་ནས་སྟོན་པའི་འཁྲུངས་རབས་ཤིག་བཟོ་དགོས་ན་རང་བཞིན་གྱིས་རྒྱ་གར་གྱི་གནས་ཚུལ་མང་པོ་ཞིག་ནང་ལ་སླེབ་ཀྱི་ཡོད་པ་རེད། གང་ཡིན་ཟེར་ན་སྟོན་པ་སྐུ་འཁྲུངས་ས་རྒྱ་གར་རེད། རྒྱུ་མཚན་དེ་དག་ལ་བརྟེན་ཏེ་ངས་ཐེངས་འདིར་རྒྱ་གར་སྤྱི་ཚོགས་བརྗོད་གཞིར་བཟུང་སྟེ་གློག་བརྙན་འདི་བཟོས་པ་ཡིན། དྲི་བ། རིན་པོ་ཆེ་མཆོག་གིས་སྔོན་མ་གློག་བརྙན་ཁ་ཤས་བཟོས་ཡོད་པ་རེད། སྔོན་མ་དང་ད་ལྟའི་བར་ཉམས་མྱོང་དང་གློག་བརྙན་བཟོ་སྟངས་ལ་ཁྱད་པར་གང་འདྲ་འདུག་གམ། ལན། ངས་སྔོན་ཆད་ཕོར་བ་དང་ཆང་ཧུབ་གང་ཟེར་བའི་གློག་བརྙན་དེ་དག་བཟོས་པ་རེད། ཕོར་བ་ཟེར་བའི་གློག་བརྙན་དེ་སྔོན་མ་ང་རང་སྡོད་སའི་དགོན་པའི་ནང་བཟོས་པ་རེད། དེའི་ནང་གི་འཁྲབ་སྟོན་མི་སྣ་དག་ཀྱང་ང་ཚོ་བོད་པའི་གྲྭ་བ་རྐྱང་རྐྱང་རེད། ང་རང་གིས་བླ་མའི་མིང་ཞིག་འཁྱེར་ཡོད་སྟབས་སྐབས་དེར་གྲྭ་བ་ཚོར་དབང་ཡོད་བྱས་ཡོད་རྒྱུ་རེད། གློག་བརྙན་དེ་ལས་སླ་བོ་འདྲ་བོ་བྱུང་སོང་། ཐེངས་འདིའི་ཝ་རྭ་ཞེས་པའི་གློག་བརྙན་འདི་འཁྲབ་ཡུལ་དང་འཁྲབ་སྟོན་མི་སྣ། དེ་བཞིན་ལས་རོགས་ཡོངས་རྫོགས་རྒྱ་གར་བ་རེད། དེའི་ཁྲོད་དུ་ང་རང་མ་གཏོགས་བོད་པ་དང་ནང་པ་གཅིག་ཀྱང་ཡོད་པ་མ་རེད། དཀའ་ངལ་མང་པོ་ཞིག་འཕྲད་སོང་ལ། དཀའ་ངལ་དེ་དག་བརྒྱུད་ནས་ཉམས་མྱོང་ཡང་མང་པོ་ཞིག་རག་སོང་།
དྲི་བ། ཝ་རྭ་ཟེར་བའི་གློག་བརྙན་འདི་བཟོ་སྐྲུན་ལ་དུས་ཡུན་ཅི་ཙམ་འགོར་སོང་ངམ། ལན། གློག་བརྙན་འདིའི་འཁྲབ་གཞུང་འབྲི་རྒྱུར་ལོ་གཅིག་འགོར་སོང་། འགྲོ་སོང་ཉུང་ཉུང་ཡོང་ཐབས་ལ་དངོས་སུ་འཁྲབ་སྟོན་བྱས་ཏེ་ཟླ་གཅིག་དང་ཉིན་བཅུ་གྲངས་ཤིག་ལས་འགོར་མ་སོང་། དེའི་རྗེས་ལ་གློག་བརྙན་ཕྱོགས་བསྒྲིགས་དང་མཚོན་མདངས་སྒྲིག་པ། རོལ་དབྱངས་སོགས་སྒྲིག་སྦྱོར་བྱས་ཏེ་ཟླ་དྲུག་ལྷག་འགོར་སོང་། དྲི་བ། རིན་པོ་ཆེ་མཆོག་གིས་མ་འོངས་པར་སྟོན་པའི་མཛད་རྣམ་སྐོར་གྱི་གློག་བརྙན་ཞིག་བཟོ་འཆར་ཡོད་གསུངས་སོང་། དེ་མ་ཡིན་པའི་ལས་འཆར་གཞན་གང་དག་ཡོད་དམ།
ལན། འཆར་གཞི་གཅིག་གང་ཡོད་ཟེར་ན། དེང་སྐབས་བརྡ་འཕྲིན་གྱི་ཐོག་ནས་ཕན་ཚུན་ངོ་མ་ཤེས་པའི་ཐོག་ནས་གླེང་མོལ་བྱེད་པ། དབྱིན་སྐད་ནང་ (Chatroom)ཟེར་བ་དེ་ཤུགས་ཆེན་པོ་ཞིག་དར་བཞིན་འདུག དེ་བརྒྱུད་ནས་ཡག་སྡུག་གི་གནས་ཚུལ་ཡང་མང་པོ་ཞིག་ཡོང་གི་འདུག གནས་ཚུལ་དེ་བརྗོད་གཞིར་བཟུང་སྟེ་གློག་བརྙན་ཞིག་འབྲི་བཞིན་ཡོད། དྲི་བ། དེ་རིང་གི་ (Vara)ཞེས་པའི་གློག་བརྙན་འདིའི་བརྗོད་བྱ་གཙོ་བོ་དེ་རྒྱ་གར་སྤྱི་ཚོགས་ནང་གི་སྲོལ་རྒྱུན་གྱི་གོམས་གཤིས་མི་ལེགས་པ་ཞིག་ལ་ཐེར་འདོན་ལྟ་བུ་བྱས་ཡོད་སྟབས། གློག་བརྙན་འདི་སྤྱི་ཚོགས་ནང་འགྲེམས་སྤེལ་བྱས་རྗེས་ཁྱོད་ལ་དཀའ་རྙོག་དེ་འདྲ་བྱུང་སོང་ངམ། ལན། ཐོག་མ་ང་ལའང་སེམས་འཚབ་དེ་འདྲ་ཞིག་བྱུང་སོང་། གང་ཡིན་ཟེར་ན་གློག་བརྙན་འདིའི་ནང་མི་རིགས་ཀྱི་གནས་ཚུལ་ཏོག་ཙམ་ཡོད་པ་རེད། དེ་ནས་ང་རང་ནང་པ་ཞིག་ཡིན་པའི་ཆ་ནས་རྒྱ་གར་གྱི་ལྷ་ (Krishna)ཟེར་བ་དེའི་སྐོར་ཡང་ཏོག་ཙམ་ཡོད་སྟབས། རྙོག་གྲ་རེ་བྱུང་ཨེ་ཡོང་ན་བསམ་པའི་དོགས་པ་ཕྲན་བུ་བྱུང་སོང་། ཡིན་ནའང་སྤྱི་ཚོགས་ནང་འགྲེམས་སྤེལ་བྱས་པའི་རྗེས་ལ་མང་ཚོགས་ཀྱིས་ཧ་ཅང་དགའ་བོ་བྱེད་ཀྱིན་འདུག སྤྱིར་བཏང་སྒྱུ་རྩལ་གྱི་ལས་ཀ་ཞིག་བྱེད་དགོས་ན་གནས་ཚུལ་ག་རེ་ཡིན་ནའང་ཡོང་སྲིད་པ་ཞིག་རེད་དེ། ད་སྔ་ང་རང་གི་གློག་བརྙན་འདིའི་ཐད་མི་ལེགས་པའི་གནས་ཚུལ་གང་ཡང་བྱུང་མ་སོང་། དྲི་བ། གློག་བརྙན་འདིའི་ནང་རྒྱ་གར་སྤྱི་ཚོགས་ནང་གི་ན་གཞོན་ཕོ་མོ་གཉིས་ཀྱི་བརྩེ་དུང་སྐོར་གཏིང་ཟབ་མོའི་སྒོ་ནས་མཚོན་པར་བྱས་པ་བརྒྱུད་ནས་སྲོལ་རྒྱུན་གྱི་གོམས་སྲོལ་མི་ལེགས་པ་ཞིག་སྟོན་གྱིན་ཡོད་སྟབས། རིན་པོ་ཆེ་མཆོག་ལ་མཚོན་ན་རབ་བྱུང་བ་ཞིག་དང་། ལྷག་པར་དུ་བོད་པའི་བླ་མ་ཞིག་ཡིན་པའི་ངོས་ཐད་ནས་སྤྱི་ཚོགས་ནང་གི་ཕོ་མོའི་བརྩེ་དུང་སྐོར་གྱི་གློག་བརྙན་ཞིག་བཟོ་རྒྱུར་སྟབས་མ་བདེ་བ་དེ་འདྲ་བྱུང་སོང་ངམ།
ལན། ང་རང་ལ་བླ་མའི་མིང་ཞིག་བཏགས་ཏེ་བླ་སྤྲུལ་ཞིག་གི་རྐུབ་སྟེགས་སྟེང་བསྡད་ཡོད་པ་ཙམ་རེད་མ་གཏོགས། མི་ཧ་ཅང་དཀྱུས་མ་དཀྱུས་མི་ཞིག་གི་བསམ་བློ་གཏོང་སྟངས་དང་གཅིག་པ་གཅིག་རྐྱང་ཡིན། མི་དཀྱུས་མ་ཞིག་ལ་ཡོད་པའི་བརྩེ་དུང་སོགས་ང་རང་ལའང་ཡོད། དངོས་གནས་བྱས་ན་བླ་མ་ཞིག་བྱེད་ན་ཆོས་ཉམས་སུ་ལེན་དགོས་པ་རེད་དེ། ང་རང་གིས་ཆོས་ཞེ་དྲག་ཉམས་སུ་ལེན་ཐུབ་ཀྱི་ཡོད་པ་མ་རེད། ཁྲ་ཁྲ་ཟིང་ཟིང་ནང་འཁོར་ནས་བསྡད་ཡོད་པ་རེད། ཡིན་ནའང་རྩ་བའི་ཞབས་འདྲེན་ཆེན་པོ་ཞིག་མ་བཞག་པ་ཡིན་ན། སྤྱི་ཚོགས་ནང་ག་རེ་ལབ་ཀྱང་མིག་བཙུམས་ནས་ལས་ཀ་འདི་འདྲ་བྱས་བསྡད་ཡོད་པ་རེད།(བཞད་མོ་དང་བཅས་གསུངས།) དྲི་བ། གློག་བརྙན་འདིའི་ནང་ཆོས་ལུགས་དང་ཕོ་མོའི་བརྩེ་དུང་གཉིས་ཀ་ཡོད་པ་དེ་ཁྱེད་རང་གི་དམིགས་ཡུལ་དང་ཉམས་མྱོང་ལས་བརྒལ་ཡོད་ཀྱང་། ཕོ་མོའི་འབྲེལ་བ་མཚོན་སྟངས་དེ་དངོས་ཡོད་དང་མཐུན་ཞིང་། སྤྱི་ཚོགས་ཀྱིས་གདེང་འཇོག་ཆེན་པོ་འཐོབ་ཀྱི་ཡོད་པ་དེ་རྒྱུ་མཚན་གང་ཡིན་ནམ། ལན། སྤྱིར་བཏང་ང་རང་ (Sunil Gangopadhyay)་ལགས་བརྩམས་པའི་སྒྲུང་ཐུང་མང་པོ་ཀློག་ཡོང་སྐབས་སེམས་འགུལ་ཆེན་པོ་ཐེབས་པ་དང་། གཉིས་པ་ང་རང་གིས་གློག་བརྙན་གཞན་མང་པོ་ཞིག་ལ་བལྟས་པའི་མྱོང་ཚོར་སོགས་ཕྱོགས་བསྡོམས་བྱས་ཏེ། ཐེངས་འདིའི་གློག་བརྙན་འདིའི་འཁྲབ་གཞུང་བྲིས་པ་ཡིན་དུས། གཅིག་བྱས་ན་སྟབས་ལེགས་ལྟས་དབང་གིས་ཁྱིམ་པའི་སྤྱི་ཚོགས་ནང་གི་ན་གཞོན་ཕོ་མོའི་བརྩེ་བ་མཚོན་སྟངས་གང་འཚམ་ཡག་པོ་བྱུང་བ་ཞིག་ཡིན་རྒྱུ་རེད།
དྲི་བ། རིན་པོ་ཆེ་འཚར་ལོངས་བྱུང་ས་བོད་པའི་རབ་བྱུང་བའི་སྤྱི་ཚོགས་ཤིག་ཡིན་སྟབས། རྒྱ་གར་སྤྱི་ཚོགས་ནང་གི་གནས་ཚུལ་ཞིག་གི་སྐོར་ལ་འཁྲབ་གཞུང་བཟོ་སྐབས་དཀའ་ངལ་འཕྲད་སོང་ངམ། ལན། དེའི་སྐོར་ལ་དཀའ་ངལ་མང་པོ་འཕྲད་སོང་། དང་པོ་ཧིན་རྡིའི་ (Devadasis)ཞེས་པའི་ལུགས་སྲོལ་ཞིག་འདུག་པ་དེ་གཞི་རྩར་བཟུང་ནས་བྲིས་པ་རེད། ཡིན་ནའང་དེ་ཧ་ཅང་རྒྱ་ཆེ་ཞིང་གཏིང་ཟབ་དྲགས་ཏེ་འབྲི་ཐུབ་མ་སོང་། མཐའ་མ་ (Sunil Gangopadhyay)ལགས་ཀྱིས་བྲིས་པའི་རིགས་དམན་པའི་བུ་ཞིག་དང་། རིགས་ཅུང་མཐོ་བའི་བུ་མོ་ཞིག་གི་བརྩེ་དུང་ཐོག་དཀའ་ངལ་འཕྲད་པའི་སྒྲུང་ཐུང་ཐུང་ཞིག་ཡོད་པ་རེད། དེ་འཛམ་གླིང་གི་མི་རིགས་སུ་ཞིག་ཡིན་ཡང་ཧ་མི་གོ་བ་མེད་པ་ལྟ་བུ་རེད། སྒྲུང་དེ་གཞི་ལ་བཞག་པའི་ཐོག་ནས་རྒྱ་གར་དམངས་ཁྲོད་ཀྱི་ཆོས་ལུགས་དང་འབྲེལ་བའི་ཞབས་བྲོ་ (Bharatanatyam)ཞེས་པ་དེ་ཚུར་<བསྡུས་ཏེ་གློག་བརྙན་འདི་བཟོས་པ་རེད། དྲི་བ། སྤྱིར་བཏང་གློག་བརྙན་རིགས་ཀྱིས་ད་ལྟའི་སྤྱི་ཚོགས་ནང་ནུས་པ་གང་འདྲ་ཞིག་འཐོན་གྱི་ཡོད་པར་ངོས་འཛིན་གནང་གི་ཡོད་དམ། ལན། སྔོན་མ་ཡིན་ན་གློག་བརྙན་གྱིས་སྤྱི་ཚོགས་ནང་ནུས་པ་ཧ་ཅང་ཆེན་པོ་འཐོན་ཐུབ་ཀྱི་ཡོད་པ་རེད། དེང་སྐབས་ལ་མཚོན་ན། གློག་བརྙན་གྱིས་དེ་ཙམ་ནུས་པ་འཐོན་ཐུབ་ཀྱི་ཨེ་ཡོད་ན་བསམ་པའི་དོགས་པ་ཞིག་འདུག གང་ཡིན་ཟེར་ན། དེང་སྐབས་སྤྱི་ཚོགས་དྲ་འབྲེལ་ (Social Networking)རིགས་འདྲ་མིན་དང་། བརྙན་རིས་རྩེད་མོ་(Video Game) རིགས་སོགས་གློག་བརྙན་དང་གསར་འགྱུར་བརྒྱུད་ལམ་ལས་ཀྱང་བརྒལ་ཏེ། མིའི་ཡིད་དབང་འགུག་ཐུབ་པ་དང་། བེད་སྤྱོད་མང་པོ་ཡོད་པ། གནས་ཚུལ་སོགས་མགྱོགས་པོ་ཡོང་གི་ཡོད་སྟབས། གཅིག་བྱས་ན་གློག་བརྙན་གྱི་ནུས་པ་སྔོན་ཆད་དང་བསྡུར་ན་ཕྲན་བུ་ཆུང་དུ་འགྲོ་བཞིན་མེད་འགྲོ་བསམ་པ་ཞིག་འདུག
དྲི་བ། རིན་པོ་ཆེ་མཆོག་གིས་མ་འོངས་པར་གློག་བརྙན་བཟོ་སྐབས་ཁ་ཕྱོགས་གང་འདྲ་ཞིག་གཙོ་བོར་འཛིན་འདོད་ཡོད་དམ།
ལན། གློག་བརྙན་གང་འདྲ་ཞིག་བཟོ་ནའང་ཐོག་མ་སྒྲུང་ཡག་པོ་ཞེ་དྲག་ཅིག་དགོས་པ་དེ་གལ་ཆེ་ཤོས་རེད། སྒྲུང་དེར་ཡང་གོ་རྒྱུ་ཡོད་པ། སྤྱི་ཚོགས་ལ་ཐག་ཉེ་བོ་ཟེར་ན་འདྲ། དངོས་ཡོད་གནས་ཚུལ་ཞིག་གཞི་རྩ་ལ་བཟུང་སྟེ་ཁ་ཕྱོགས་ཡག་པོ་སྟོན་ཐུབ་པ་དེ་གལ་ཆེ་ཤོས་མིན་ནམ་བསམ་གྱི་འདུག བོད་པའི་གློག་བརྙན་བཟོ་མཁན་ཞིག་ལ་མཚོན་ན། ང་ཚོ་བོད་པར་ཐུན་མོང་མ་ཡིན་པའི་ཆ་མང་པོ་ཞིག་ཡོད་པ་དེ་དག་ལས་མ་བརྒལ་བ་ཞིག་གི་ཐོག་ནས་གསར་གཏོད་དང་སྒྱུ་རྩལ་གཏིང་ཟབ་མོའི་ཐོག་ནས་བཟོ་ཐུབ་ན་ཡག་པོ་འདུག དེང་སྐབས་ཕྱི་རྒྱལ་དང་རྒྱ་གར་ནང་གློག་བརྙན་བཟོ་མཁན་དེ་ཚོའི་སྐད་ཆ་བཤད་སྟངས་དང་རྣམ་འགྱུར་སྟོན་སྟངས་སོགས་རྒྱ་ཆེན་པོ་ཞེ་དྲག་ཡིན་སྟབས། དེའི་རྗེས་སུ་རྒྱུག་ནས་གློག་བརྙན་གྱི་ནང་དོན་དང་རྣམ་པ་གཉིས་ཀ་རང་གི་སྤྱི་ཚོགས་ལས་རྦད་དེ་ཁ་གྱེས་སོང་ན་ཕན་ཐོགས་ཡོང་གི་མ་རེད་བསམ་གྱི་འདུག དྲི་བ། དེ་རིང་དྷ་རམ་ས་ལའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྟེང་རིན་པོ་ཆེ་མཆོག་གི་གློག་བརྙན་(Vara)ཞེས་པ་འདི་གཟིགས་འབུལ་བྱས་པ་བརྒྱུད་དེ་རིན་པོ་ཆེ་མཆོག་ལ་དམིགས་བསལ་གསུང་རྒྱུ་དེ་འདྲ་ཡོད་དམ། ལན། དེང་གི་དུས་ཚོད་འདིར་གསར་བྱུང་གི་དངོས་པོ་དང་གནས་ཚུལ་མང་པོ་ཞིག་ཡོང་གི་ཡོད་པ་རེད། སྤྱི་ཚོགས་དེ་འདྲ་འཁྲིག་པོ་ཞིག་གི་ནང་ལ་ང་རང་གིས་ཀྱང་གློག་བརྙན་འདི་འདྲ་ཞིག་གི་ལག་སྐྱེས་འབུལ་ཐུབ་པ་དེར་བློ་སྟོབས་ཆེན་པོ་ཞིག་སྐྱེས་སོང་། ང་རང་གི་གློག་བརྙན་འདི་ལ་རྐྱེན་བྱས་ཏེ་བོད་རིགས་ན་གཞོན་ཚོས་སོ་སོའི་རྣམ་དཔྱོད་དང་། སྒྱུ་རྩལ་དེ་སྤྱི་ཚོགས་ཐོག་འདོན་ཐུབ་པའི་མཐུན་རྐྱེན་ཟེར་ན་འདྲ། གྲོགས་ལྟ་བུ་ཞིག་ཏུ་འགྱུར་བའི་རེ་བ་ཡོད།
ཟུར་མཆན། རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ་འཇམ་དབྱངས་ཐུབ་བསྟུན་ཆོས་ཀྱི་རྒྱ་མཚོའམ་མཁྱེན་བརྩེ་ནོར་བུ་མཆོག་ནི། ལོ་རྒྱུས་སྙིང་བསྡུས་ལྟར་ན། ༡༩༦༡ ཟླ་ ༧ ཚེས་ ༧ ཉིན་འབྲུག་ཤར་ཕྱོགས་སུ་བོད་ཀྱི་བཙན་པོའི་གདུང་རྒྱུད་སྤོ་བོ་ཀ:གནམ་སྡེ་བའི་སྲེས་གཏེར་ཆེན་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་གདུང་སྲས་སྐྱབས་རྗེས་འཕྲིན་ལས་ནོར་བུ་དང་། འབྲུག་སློབ་དཔོན་བསོད་ནམས་བཟང་པོའི་སྲས་མོ་གཉིས་ཀྱི་སྲེས་སུ་སྐུ་འཁྲུངས་ཤིང་། དགོང་ལོ་ ༧ གྱི་སྟེང་དཔལ་ས་སྐྱའི་གོང་མ་མཆོག་དང་། ༧རྒྱལ་དབང་བཅུ་བཞི་པ། ཀརྨ་པ་བཅུ་དྲུག་པ་སོགས་ཀྱིས་དགོངས་མཐུན་ཐོག་རྫོང་གསེར་མཁྱེན་བརྩེའི་གོང་མའི་ཡང་སྲིད་དུ་མངའ་གསོལ་མཛད་ཡོད་འདུག ཁོང་གིས་ད་སྔ་གློག་བརྙན་བཟོས་པ་ཁག་ནི། དང་པོ། ༡༩༩༩ ལོར་༼ ཕོར་བ། ༽ཞེས་པ་ཁོ་རང་བཞུགས་ཡུལ་དགོན་པའི་ནང་འཁྲབ་སྟོན་བྱས་ཤིང་། བོད་ཀྱི་གྲྭ་བ་ཆུང་ཆུང་ཚོ་རྐང་རྩེད་སྤོ་ལོར་དགའ་དྲགས་ཏེ་བརྙན་འཕྲིན་ནང་གི་འཛམ་གླིང་རྐང་རྩེད་སྤོ་ལོར་ལྟ་བར་འཚང་ཁ་བྱེད་པའི་གནའ་དེང་བར་གྱི་འགལ་བ་མཚོན་པ་ཞིག་དང་། གཉིས་པ། ༢༠༠༣ ལོར་༼ ཆང་ཧུབ་ཐེངས་གཅིག་གི་འཁྲུལ་སྣང་། ༽ཞེས་པ་ནི་འབྲུག་པ་ཞིག་འབྲུག་ཡུལ་ནས་ཨ་རིར་སྐྱོད་འདོད་ཀྱི་འཁྲུལ་སྣིང་རང་བཞིན་གྱི་གློག་བརྙན་ཞིག་ཡིན། ཉེ་ལམ་གསར་དུ་འདོན་སྤེལ་བྱས་པའི་གློག་བརྙན་༼ བྱིན་རླབས་ཤིག ༽ཅེས་པ་དེ་ནི་རྒྱ་གར་གྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཆེན་(Christopher Doyle)ལགས་དང་མཉམ་འབྲེལ་ཐོག་བཟོས་པ་ཞིག་ཡིན་པ་དང་། གློག་བརྙན་དེ་རྒྱ་གར་གྱི་སྒྲུང་གཏམ་དང་སྙན་ངག་པ་གྲགས་ཆེན་(Sunil Gangopadhyay)ལགས་ཀྱི་སྒྲུང་ཐུང་ཝ་ར་ཞེས་པར་རྨང་གཞི་བྱས་ཏེ་འཁྲབ་གཞུང་བྲིས་པ་ཞིག་ཡིན། གནས་ཚུལ་ཡོང་ཁུངས་བོད་ཀྱི་དུས་བབ། འདོན་སྤེལ། ༢༠༡༤/༡༡/༠༣