ཚོགས་འདུ། བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ་བསྡུས་པ།
ཐེངས་ 12691 བཀླགས་འདུག
བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ་བསྡུ་བསྐོང་གི་གསར་འགོད་གསལ་བསྒྲགས་གནང་བ། ༢༠༡༡ ཟླ་ ༣ ཚེས་ ༣༠ རེས་གཟའ་ལྷག་པ། ༅༅། །ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༣༠ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དྲུང་ལས་ཁུངས་ནས་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་འཕྲིན་རིན་པོ་ཆེ་སྤྱི་ཕེབས་བྱུང་བའི་དགོངས་དོན་ཉམས་ལེན་ཞུ་ཕྱོགས་སྐོར་ད་ལམ་གྲོས་ཚོགས་དེ་གའི་ཐོག་གྲོས་ཆོད་ཨང་ ༢༠༡༡།༡༤།༡༡།༧ འཁོད་པའི་དོན་ཚན་ ༣ པ་ནང་གསལ་ལྟར་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ་འཚོགས་གཏན་འཁེལ་ཡོད་པ་ལྟར་ཚོགས་ཆེན་གྱི་ཚོགས་དུས་དང་ཚོགས་ཡུལ། ཚོགས་མིའི་ཡོང་ཁུངས་བཅས་པ་བཀའ་ཤག་དང་སྤྱི་འཐུས་རྒྱུན་ལས་ཀྱིས་ཕྱི་ལོ་ ༢༠༡༡ ཕྱི་ཟླ་ ༣ ཚེས་ ༢༩ ཉིན་རྒྱབ་ཚོུད་ ༢ པའི་ཐོག་བཀའ་སྤྱི་ལྷན་ཚོགས་བསྐྱངས་ཏེ་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པའི་ལས་རིམ་གཏན་འབེབས་གནང་ཟིན་ཞིང༌། ལས་རིམ་ནང་གསལ་ལྟར་ཚོགས་ཆེན་གྱི་ཚོགས་མི་རྣམས་ནས་ཕྱི་ལོ་ ༢༠༡༡ ཕྱི་ཟླ་ ༤ ཚེས་ ༣༠ འགྱངས་མེད་ཚོགས་དྲུང་ལས་ཁུངས་སུ་མཚན་ཐོ་འབུལ་དགོས་པ་དང༌། གོང་ཚེས་ནང་ཚུད་མ་འབྱོར་ཚེ་ངོས་ལེན་གནང་རྒྱུ་མིན་པ་དང། དྭང་བླངས་ཚོགས་ཞུགས་པ་རྣམས་མཚན་ཐོ་འབུལ་སྔ་རྟིང་གིས་ཚོགས་མིའི་ཁོངས་འཇུག་རྒྱུ་ཡིན་པ་བཅས་ཐུགས་གཏན་འཁེལ་འདུག་པ་བཅས།།
ཕྱི་ལོ་༢༠༡༡ཟླ་༣ཚེས་༣༠ཉིན། བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པའི་ལས་རིམ་གཏན་འབེབས་།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་༡༤པའི་གྲོས་ཚོགས་ཚོགས་དུས་༡༡པའི་ཐོག་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་གསུང་འཕྲིན་རིན་པོ་ཆེ་སྤྱི་བསྩལ་ཐོག་བགྲོ་གླེང་གྲོས་བསྡུར་རིམ་པ་དང༌། གྲོས་ཆོད་སྔ་རྗེས་བཞག་པའི་མཐའ་དོན་གྲོས་ཆོད་ཨང་ ༢༠༡༡།༡༤།༡༡།༧ ཡིག་ཆ་ཨང་ ༤༨ པའི་དགོངས་དོན་ལྟར། བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ་ཚོགས་གཏན་འཁེལ་བར་བཀའ་ཤག་དང༌། སྤྱི་འཐུས་རྒྱུན་ལས་ནས་གཏན་འབེབས་གནང་བའི་ལས་རིམ་གཤམ་གསལ།
དང་པོ། ཚོགས་འདུའི་མིང༌།
བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ། ༢༠༡༡
གཉིས་པ། ཚོགས་དུས།
ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༢༡ རེས་གཟའ་སྤེན་པ་ནས་ཚེས་ ༢༣ རེས་གཟའ་ཟླ་བ་བར་ཉིན་གསུམ།
གསུམ་པ། ཚོགས་ཡུལ།
བཞུགས་སྒར་རྡ་རམ་ས་ལ།
བཞི་པ། ཚོགས་མིའི་ཡོང་ཁུངས།
ཀ། བཀའ་བློན་ཁྲི་པ་དང༌། བཀའ་བློན་ལས་ཟུར་རྣམ་པ།
ཁ། བཀའ་ཤག་སྐབས་ ༡༤ པར་འོས་ཐོན་བཀའ་ཁྲི།
ག། སྤྱི་འཐུས་ལས་ཟུར་རྣམ་པ།
ང༌། སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་སུ་འོས་ཐོན་སྤྱི་འཐུས་རྣམ་པ།
ཅ། རྡ་སར་གནས་འཁོད་གཞུང་ཞབས་ཟུང་དྲུང་ཡན།
ཆ། ས་གནས་འཐུས་མིའི་ཚོགས་འདུ་ཁག་གི་སྐུ་ཚབ་རེ། ས་འཐུས་མེད་པའི་ས་གནས་ཁག་ནས་མི་མང་གི་སྐུ་ཚབ་རེ།
ཇ། ས་གནས་རང་བདེན་ཚོགས་ཆུང་ཁག་གི་སྐུ་ཚབ་རེ།
ཉ། ཆོས་བརྒྱུད་ཆེན་པོ་བཞི་དང༌། གཡུང་དྲུང་བོན་བཅས་སོ་སོའི་གྲྭ་བཙུན་སྐུ་ཚབ་ ༦ རེ།
ཏ། ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་རིགས་ཚོགས་པ་དང༌། བོད་རིགས་སྤྱི་མཐུན་ཚོགས་པ་རྣམས་ཀྱི་སྐུ་ཚབ་རེ། ༼ཕྱི་དྲིལ་ལས་ཁུངས་བརྒྱུད།༽
ཐ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ནས་སྐུ་ཚབ་གཉིས་རེ། ༼གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་མཚན་གཞུང་ཟུར་འཛར་དང་པོ།༽
ད། རང་སྐྱོང་སྡེ་ཚན་ཁག་གི་སྐུ་ཚབ་རེ། ༼རང་སྐྱོང་སྡེ་ཚན་གྱི་མཚན་གཞུང་ཟུར་འཛར་གཉིས་པ།༽
ན། རྒྱུན་ལྡན་བོད་དོན་ཐོག་ཐུགས་སྣང་དང༌། འགན་འཁུར་ལས་འགུལ་གནང་མཁན། མཁས་དབང༌། ཆེད་ལས་པ། སྤྱི་ཚོགས་ཞབས་ཞུ་བ་བཅས་མཉམ་ཞུགས་གནང་འདོད་ཡོད་རིགས་ནས་དྭང་བླང་ཕེབས་མཁན་རྒྱ་བལ་འབྲུག་གསུམ་ནས་མི་གྲངས་ ༣༠ དང༌། དེ་མིན་ནས་མི་གྲངས་ ༢༠ ལས་མ་མང་བ་བཅས།
ལྔ་པ། གྲོས་གཞི།
བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ ཚོགས་ཆུང་གི་སྙན་ཐོ་སྤྱི་དང༌། ཁྱད་པར་དུ་བཅའ་ཁྲིམས་བསྐྱར་བཅོས་བྱ་རྒྱུའི་སྔོན་གླེང་དང༌། དོན་ཚན་དང་པོའི་སྐོར།
དྲུག་པ། ལས་རིམ།
སྔ་དྲོ་ཆུ་ཚོད་ ༩ཿ༣༠ ནས་ཕྱི་དྲོ་ཆུ་ཚོད ༥ཿ༠༠ པ་བར།
ཚོགས་ འདུ་ཉིན་དང་པོར་དབུ་འབྱེད་གྲུབ་འཕྲལ་ཚོགས་མི་རྣམས་ཚོགས་ཆུང་ཁག་བགོས་ཀྱིས་ཉིན་དང་པོ་དང༌། ཉིན་གཉིས་པའི་དགུང་ཚིགས་བར་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གི་རྒྱབ་གཉེར་སྙན་ཐོ་ནང་གསལ་སྔོན་གླེང་དང༌། དོན་ཚན་དང་པོའི་ཚིག་དོན་ལ་གོ་བསྡུར་དང་འབྲེལ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་གསོལ་འདེབས་ཞུ་ཕྱོགས་སྐོར་གྲོས་བསྡུར་བྱ་རྒྱུ།
ཉིན་གཉིས་པའི་ཉིན་རྒྱབ་ཏུ་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གི་སྙན་ཐོའི་དོན་ཚན་གཞན་ཐོག་དགོངས་ཚུལ་བསྡུ་རུབ་བྱ་རྒྱུ།
ཉིན་ གསུམ་པར། ཚོགས་ཆུང་སོ་སོའི་སྙན་ཐོ་སྙན་སྒྲོན་གནང་རྒྱུ་དང༌། བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གི་རྒྱབ་གཉེར་སྙན་ཐོ་ནང་གསལ་སྔོན་གླེང་དང༌། དོན་ཚན་དང་པོའི་སྐོར་ལ་གསོལ་འདེབས་ཞུ་རྒྱུའི་གྲོས་ཆོད་འཇོག་རྒྱུ།
བདུན་པ། ཚོགས་ཆུང་ཆ་བགོས།
ཚོགས་མི་ཡོངས་རྫོགས་རྒྱན་བསྐྱུར་ལམ་ནས་ཚོགས་ཆུང་ཁག་ཏུ་ཆ་བགོས་བྱ་རྒྱུ།
བརྒྱད་པ། མཇུག་གནོན་གནང་ཕྱོགས།
ཕྱི་ལོ་ ༢༠༡༡ ཕྱི་ ཟླ་ ༥ ཚེས་ ༢༤ ཉིན་ཚོགས་ཆེན་གྱི་གྲོས་ཆོད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པ་མཆོག་ལ་གསོལ་འདེབས་ཞུ་རྒྱུ་དང༌། བཅའ་ཁྲིམས་བསྐྱར་བཅོས་དང་འབྲེལ་བའི་བསམ་འཆར་ཁག་སྐབས་ ༡༤ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་འཕར་མའི་ཐོག་བཅའ་ཁྲིམས་བསྐྱར་བཅོས་གཏན་འབེབས་སྐབས་དཔྱད་གཞིའི་ཁོངས་འཇོག་རྒྱུ།
དགུ་པ། ཚོགས་དྲུང༌།
ཚོགས་དྲུང་གི་ལས་འགན་སྔར་ལམ་ལྟར་ཚོགས་དྲུང་ལས་ཁུངས་ནས་འགན་བཞེས་གནང་རྒྱུ་དང༌། ལས་བྱ་འཕར་མ་ཇི་དགོས་བཀའ་ཤག་ནས་གོ་སྒྲིག་གནང་རྒྱུ་བཅས། བཀའ་ཤག་དང༌། སྤྱི་འཐུས་རྒྱུན་ལས་ཐོུང་ནས་སྤྱི་མོས་ཀྱིས་ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༢༩ ཉིན་གཏན་འབེབས་གནང༌།།
ཟུར་འཛར་དང་པོ།
༄༅། །གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་མཚན་གཞུང༌།
༡༽ དབུས་གཙང་ཆོལ་ཁའི་རྒྱུན་ལས།
༢༽ མདོ་སྟོད་ཆོལ་ཁའི་རྒྱུན་ལས།
༣༽ མདོ་སྨད་ཆོལ་ཁའི་རྒྱུན་ལས།
༤༽ བོད་ཀྱི་གཞོན་ནུ་ལྷན་ཚོགས།
༥༽ བོད་ཀྱི་བུད་མེད་ལྷན་ཚོགས།
༦༽ རྒྱལ་ཡོངས་མང་གཙོ་ཚོགས་པ།
༧༽ དགུ་བཅུ་གསུམ་ཚོགས་པ།
༨༽ མངའ་རིས་སྤྱི་མཐུན་ཚོགས་པ།
༩༽ ཆོལ་གསུམ་ཆིག་སྒྲིལ་ཚོགས་པ།
༡༠༽ བོད་རྒྱལ་ཡོངས་ཆབ་སྲིད་བཙོན་གྲོལ་ཚོགས་པ།
ཟུར་འཛར་གཉིས་པ།
༄༅། རང་སྐྱོང་སྡེ་ཚན་ཁག་གི་མཚན་གཞུང༌།
༡༽ བོད་ཀྱི་ཟློས་གར་ཚོགས་པ།
༢༽ བོད་ཀྱི་དཔེ་མཛོད་ཁང༌།
༣༽ ཝར་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང༌།
༤༽ ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང༌།
༥༽ རྡོར་གླིང་འཇམ་དབྱངས་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང༌།
༦༽ ལྡི་ལི་བོད་ཁང༌།
༧༽ བོད་ཁྱིམ་སྤྱི་ཁྱབ་ལས་ཁུངས།
༨༽ མ་སུ་རི་བོད་ཁྱིམ།
༩༽ སཾ་བྷོ་ཊ་བོད་སློབ་འཛིན་སྐྱོང་ཁང༌།
༡༠༽ བོད་ཀྱི་གསོ་བ་རིག་པའི་ཆེས་མཐོའི་སྨན་པའི་ལྷན་ཚོགས།
༡༡༽ དབུས་སྨན་རྩིས་ཁང༌།
༡༢༽ བདེ་ལེགས་སྨན་ཁང༌།
༡༣༽ ཤེས་རིག་དཔར་ཁང༌།
༡༤༽ བལ་ཡུལ་གངས་ཅན་བདེ་རྩ།
༡༥༽ སྤྱི་མཐུན་མཉམ་འབྲེལ།
བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ་བསྡུ་བསྐོང་གི་གསར་འགོད་གསལ་བསྒྲགས། མཚུངས་མེད་གསར་ཤོག་ཁག་དང༌།
རླུང་འཕྲིན་ཁག་གི་འགན་འཛིན་རྣམ་པ་མཆོག་ལ། ཆེད་འབུལ། སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པའི་ཐོག་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་གསུང་འཕྲིན་རིན་པོ་ཆེ་སྤྱི་ཕེབས་བྱུང་བའི་དགོངས་དོན་ཉམས་ལེན་ཞུ་ཕྱོགས་སྐོར་ད་ལམ་གྲོས་ཚོགས་དེ་གའི་ཐོག་གྲོས་ཆོད་ཨང་ ༢༠༡༡།༡༤།༡༡།༧ འཁོད་པའི་དོན་ཚན་ ༣ པ་ནང་གསལ་ལྟར་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ་འཚོགས་གཏན་འཁེལ་བ་དང༌། ཚོགས་ཆེན་གྱི་ཚོགས་དུས་དང་འཚོགས་ཡུལ། ཚོགས་མིའི་ཡོང་ཁུངས་བཅས་པ་བཀའ་ཤག་དང་སྤྱི་འཐུས་རྒྱུན་ལས་ཀྱིས་གཏན་འབེབས་གནང་རྒྱུ་གསལ་བ་ལྟར། ཕྱི་ལོ་ ༢༠༡༡ ཕྱི་ཟླ་ ༣ ཚེས་ ༢༩ ཉིན་རྒྱབ་ཚོུད་ ༢ པ་ནས་བཀའ་སྤྱི་ལྷན་ཚོགས་བསྐྱངས་ཏེ་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པའི་ལས་རིམ་འདི་མཉམ་ཟུར་ཕུལ་ལྟར་གཏན་འབེབས་གནང་ཞིང༌། ལས་རིམ་ནང་གསལ་ལྟར་ཚོགས་ཆེན་གྱི་ཚོགས་མི་རྣམས་ནས་ཕྱི་ལོ་ ༢༠༡༡ ཕྱི་ཟླ་ ༤ ཚེས་ ༣༠ འགྱངས་མེད་ཚོགས་དྲུང་ལས་ཁུངས་སུ་མཚན་ཐོ་འབུལ་དགོས་པ་དང༌། གོང་ཚེས་ནང་ཚུད་མ་འབྱོར་ཚེ་ངོས་ལེན་གནང་རྒྱུ་མིན་ལ། དྭང་བླངས་ཚོགས་ཞུགས་པ་རྣམས་མཚན་ཐོ་འབུལ་སྔ་རྟིང་གིས་ཚོགས་མིའི་ཁོངས་འཇུག་རྒྱུ་ཡིན་པ་བཅས་ཐུགས་གཏན་འཁེལ་བའི་གསར་འགོད་གསལ་བསྒྲགས་གནང་འདུག
བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ་རྒྱལ་ཁའི་ངང་ནས་མཇུག་སྒྲིལ་གནང་བ།
༢༠༡༡ ཟླ་ ༥ ཚེས་ ༢༥ རེས་གཟའ་ལྷག་པ།
༄༅། །བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ་ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༢༡ ནས་འགོ་འཛུགས་ཀྱིས་ཚེས་ ༢༤ ཉིན་རྡ་ས་བཞུགས་སྒར་རྡ་སྟེང་བོད་ཁྱིམ་ཚོགས་ཁང་ཆེན་མོར་རྒྱལ་ཁའི་ངང་ནས་མཇུག་སྒྲིལ་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་དབུས་བཀའ་བློན་ལས་ཟུར་རྣམ་པ་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་མཆོག་གིས་གཙོས་སྤྱི་འཐུས་རྣམ་པ། སྤྱི་ཟུར་རྣམ་པ། སྐབས་བཅོ་ལྔ་པར་འོས་འདེམས་བྱུང་བའི་བོད་མི་མང་སྤྱི་འཐུས་རྣམ་པ། རྡ་སའི་དབུས་ལས་ཁུངས་ཁག་གི་གཞུང་ཞབས་ཟུང་དྲུང་ཡན་གྱི་སྲི་ཞུ་བ་རྣམ་པ། ས་གནས་འཐུས་ཚོགས་ཁག་གི་སྐུབ་ཚབ་དང་། ས་འཐུས་མེད་པའི་ས་གནས་ཁག་ནས་མི་མང་གི་སྐུ་ཚབ། ས་གནས་རང་བདེན་ཚོགས་ཆུང་ཁག་གི་སྐུ་ཚབ་རྣམ་པ། ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་དང་བཅས་པའི་སྐུ་ཚབ་རྣམ་པ། ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་རིགས་ཚོགས་པ་དང་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་རང་སྐྱོང་སྡེ་ཚན་ཁག་གི་སྐུ་ཚབ་རྣམ་པ། རྒྱུན་གཏན་བོད་དོན་ཐོག་ཐུགས་སྣང་གནང་མཁན་རྣམ་པ། མཁས་དབང་དང་། ཆེད་ལས་པ། སྤྱི་ཚོགས་ཞབས་ཞུ་བ། དེ་བཞིན་རྒྱ་བལ་འབྲུག་གསུམ་ནས་དང་བླང་དུ་ཕེབས་མཁན་མི་གྲངས་ ༣༠ དང་། དེ་མིན་ནས་མི་གྲངས་ ༢༠ བཅས་ཚོགས་བཅར་བ་ཁྱོན་མི་གྲངས་ ༤༡༨ བརྒལ་བ་ལྷན་འཛོམས་ཀྱི་ཐོག་མར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་རིང་མཆོག་གིས་ཉིན་གསུམ་གྱི་ལས་རིམ་ཁག་ངོ་སྤྲོད་སྙིང་བསྡུས་ཤིག་གནང་རྗེས་ཚོགས་ཆུང་ཆ་བགོས་བྱས་ཏེ་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གི་ཟིན་བྲིས་སོགས་ཀྱི་སྐོར་ལ་ཉིན་གསུམ་རིང་བཀའ་བསྡུར་དང་སྦྱང་བཤད་མཐིལ་ཕྱིན་གནང་བའི་བསམ་ཚུལ་ཕྱོགས་བསྡོམས་ཀྱི་སྙན་ཐོ་ཚོགས་ཆུང་ཁག་གི་ཚོགས་གཙོ་རྣམས་ཀྱིས་རིམ་བཞིན་ཚོགས་ཐོག་ཏུ་སྒྲོགས་སྦྱང་གནང་ཡོད།
མཐར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པའི་མཇུག་བསྡོམས་ཀྱི་གསུང་བཤད་གནང་། དེ་ནས་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པའི་མཇུག་བསྡོམས་ཀྱི་གསུང་བཤད་གནང་ཡོད།
དེ་རྗེས་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་གིས་ཐུགས་རྗེ་ཆེ་ཞུས་ཏེ་ཉིན་གྲངས་བཞིའི་རིང་ཚོགས་པའི་བོད་མི་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ་རྒྱལ་ཁའི་ངང་ནས་མཇུག་སྒྲིལ་གནང་ཡོད།
ཕྱི་ཚེས་ ༢༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚོགས་བཅར་བ་ཡོངས་ལ་མཇལ་ཁ་སྩལ་རྒྱུ་ཡིན་འདུག་པ་བཅས། ། གནས་ཚུལ་ཡོང་ཁུངས་བོད་གཞུང་དྲ་བ།