བོད་ཀྱི་མང་གཙོའི་འཕེལ་རིམ་དང་མང་གཙོ།
ཐེངས་ 9741 བཀླགས་འདུག
བོད་ཀྱི་མང་གཙོའི་འཕེལ་རིམ་དང་མང་གཙོ། ཐུབ་བསྟན་རབ་བརྟནགྱིས་བྲིས།
ལོ་ལྟར་སྤྱི་ཟླ་༩བའི་ཚེས་༢ནི་བོད་ཀྱི་མང་གཙོའི་དུས་ཆེན་ཡིན། བོད་མི་རྣམས་བཙན་བྱོལ་དུ་འབྱོར་རྗེས་༧གོང་ས་མཆོག་གིས་བོད་ཀྱི་ཆབ་སྲིད་ཀྱི་སྒྲོམ་གཞི་མང་གཙོའི་ལམ་ལུགས་ཅན་དུ་བསྒྱུར་ཐབས་ཐོག་འབད་བརྩོན་ལྷོད་མེད་གནང་བ་དང་། དེ་ཡང་། ཕྱི་ལོ་༡༩༥༩ལོའི་ཟླ༡༢པའི་ནང་༧གོང་ས་མཆོག་གི་བཀའ་ཕེབས་པ་ལྟར། ཆོལ་གསུམ་ཆོས་རྒྱུད་དང་བཅས་པ་ནས་འཐུས་མི་༡༣འདེམས་ཐོན་གྱིས། ཕྱི་ལོ་༡༩༦༠ ལོའི་ཟླ་༩བའི་ཚེས༢ཉིན་ཆོས་སྲིད་གཉིས་ལྡན་གྱི་མང་གཙོའི་གཞུང་གི་སྤྱི་འཐུས་ལྷན་ཚོགས་བཙུགས་ནས་མང་གཙོ་དབུ་བསྙེས་པའི་མཛད་སྒོ་བསྐྱངས། དེ་ནས་འཐུས་མིའི་གྲངས་ཀ་རིམ་འཕེལ་གྱིས་ད་ལྟ་སྐབས་བཅུ་ལྔ་པར་འཐུས་མི༤༤ཡོད་པ་ཞིག་ཏུ་ཆགས། ཕྱི་ལོ་ ༡༩༦༣ཟླ༣ཚེས༡༠ཉིནམ་འོངས་བོད་ཀྱི་རྩ་ཁྲིམས་གསལ་བསྒྲགས་བྱས། རྩ་ཁྲིམས་དེར་༧གོང་ས་མཆོག་གི་སྐུ་དབང་ཕྱིར་བསྡུ་དབང་ཚད་མི་མང་ལ་ཡོད་པ་གསལ། ཕྱི་ལོ༡༩༦༡ལོ་ནས་བཀའ་བློན་བསྐོ་བཞག་ལ་འགྱུར་བ་བཏང་ནས་༧གོང་ས་མཆོག་གིས་བཀའ་བློན་གྱི་འོས་གཞི་འདོན་གནང་བ་དང་། འོས་གཞི་དེ་དག་སྤྱི་འཐུས་ལྷན་ཚོགས་ལ་ཕུལ་རྗེས་འཐུས་མི་རྣམས་པས་འོས་འཕེན་རྒྱུད་བཀའ་བློན་བསྐོ་བཞག་གནང་། ༧གོང་ས་མཆོག་གི་བཀའ་དགོངས་ལྟར། ཕྱི་ལོ་༡༩༩༡ཟླ༥ཚེས་༢༩བོད་ཀྱི་རྩ་ཁྲིམས་ཟིན་བྲིས་ཚོགས་ཆུང་བཙུགས་ནས་རྩ་ཁྲིམས་གཏན་འབེབས་བྱས། ཕྱི་ལོ ༡༩༩༢ཟླ༣ཚེས༡༡ཉིན་བོད་མིའི་ཁྲིམས་ལུགས་དབང་འཛིན་གྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་དབུ་འཛུགས་གནང་། ཕྱི་ལོ་༢༠༠༡ལོ་བཀའ་བློན་མི་མང་གིས་ཐད་ཀར་འོས་འདེམས་རྒྱུད་བསྐོ་བཞག་བྱས། མི་མང་གི་ཐད་ཀར་འོས་བསྡུས་བྱས་པའི་སྐབས་གསུམ་པའི་བར་འོས་མི་རྣམས་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཆབ་སྲིད་ཚོགས་པའི་བྱེད་སྟངས་ ལྟར་བཀའ་བློན་ཁྲི་བའམ་སྲིད་སྐྱོང་གི་འོས་མིའི་མིང་འདོན་རྒྱུད། མི་མང་རྣམས་འོས་བསྡུ་འགྲན་རྩོད་ནང་མཉམ་ཞུགས་དགོས་པའི་སྐུལ་སློང་དང་། འོས་མི་ཁྱབ་བསྒྲགས་བྱས་པས་སྔ་རྗེས་སུ་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་འོས་མི་དག་ལ་རྒྱལ་ཁ་ཐོབ། དེ་བཞིན་སྤྱི་འཐུས་འོས་མི་ཡང་ཁྱབ་བསྒྲགས་བྱས་པས་གྲུབ་འབྲས་ཆེན་པོ་ཐོན་ཡོད། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་ནི་བོད་ཀྱི་མང་གཙོའི་ལམ་ལུགས་ཐོག་ལག་རྗེས་ཆེན་ཤོས་ཡིན་པའི་ཚོགས་པ་ཞིག་ཏུ་འགྱུར།༢༠༡༡ ཟླ༥ཚེས༢༩ཉིན་༧གོང་ས་མཆོག་གི་ཆབ་སྲིད་དང་འབྲེལ་བའི་སྐུ་དབང་ཡོངས་རྫོགས་མི་མང་གིས་ཐད་ཀར་གདམ་པའི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམས་པར་རྩིས་སྤྲོད་གནང་ནས་བཅའ་ཁྲིམས་ལ་ཆོག་མཆན་སྩལ། ༧གོང་ས་མཆོག་གིས་མང་གཙོ་ལ་འདི་ལྟར་ཧུར་བརྩོན་གནང་དགོས་པ་ཅིའི་ཕྱིར་ཡིན་ནམ། མང་གཙོ་ནི་སྲིད་འཛིན་སྡེ་ཁག་གི་མི་བུ་དག་གིས་གང་འདོད་དུ་མི་མང་དང་སྤྱི་དངོས་བཀོལ་སྤྱོད་བྱེད་ཆོག་པ་ཞིག་མ་ཡིན་པར་དེ་ལས་ལྡོག་སྟེ། མི་མང་གིས་རང་གི་འཛིན་སྐྱོང་དབང་འཛིན་ལམ་ལུགས་ལ་དབང་སྒྱུར་བྱེད་ཐུབ་པའི་ནུས་པ་ཡོད་པར་བརྟེན་ལམ་ལུགས་འདི་གདམ། མང་གཙོ་ནི་འཛམ་གླིང་ཐོག་སྟོན་པ་ཡེ་ཤེས་མ་འཁྲུངས་གང་གི་མི་ལོ༥༠༠ཙམ་ནས་དར་ཞིང་། ལམ་ལུགས་འདིས་འོག་ད་ཆ་འཛམ་གླིང་གི་རྒྱལ་ཁབ་ཕལ་མོ་ཆེ་འཛིན་སྐྱོང་བྱེད་བཞིན་ཡོད། འཛིན་སྐྱོང་གི་ལམ་ལུགས་འདིར་མི་མང་མཉམ་ཞུགས་ཐུབ་པ་དང་མི་མང་གིས་ནུས་པ་འདོན་ཐུབ་པའི་གོ་སྐབས་ཆེན་པོ་ལྡན་ཞིང་། ཐ་ན་དབང་འཛིན་པ་དག་གོ་གནས་ལས་མཐའ་སྤྲོད་གཏོང་ཐུབ་པའི་ལམ་ཁའང་ཡོད་པར་རྟེན་སྐྱེ་བོ་ཚོས་ལམ་ལུགས་འདིའི་ཆེད་དུ་ཚེ་སྲོག་ཁྲི་ཁྲི་འབུམ་འབུམ་བློས་བཏང་བྱས་ཡོད། འདི་འཛིན་སྐྱོང་བྱེད་ཐབས་སུ་སྲིད་འཛིན་ལམ་ལུགས་དང་གྲོས་ཚོགས་ལམ་ལུགས་གཉིས་སུ་གྱེས་ཞིང་། འཛིན་སྐྱོང་དེར་སྲིད་དོན་ཚོགས་པ་སྣ་མང་ལས་གྲུབ་པ་དང་། སྲིད་དོན་ཚོགས་པ་གཅིག་ལས་མེད་པའང་ཡོད་པར་བཤད། མང་གཙོའི་ཁྱད་ཆོས་ནི། འདྲ་མཉམ་ངང་རང་དབང་གི་བདེ་སྐྱིད་ལ་ལོངས་སྤྱོད་ཐུབ་པ་དེ་ཡིན། གསར་འགོད་རང་དབང་།སྨྲ་བརྗོད་རང་དབང་།ཆོས་དད་རང་དབང་།འདུ་འཛོམས་རང་དབང་སོགས་ཁྲིམས་ཀྱིས་བསྐྱངས་ཞིང་། ཁྲིམས་ཀྱིས་དབང་སྒྱུར་བྱེད་པ་ལས་གང་ཟག་གིས་དབང་སྒྱུར་བྱེད་མི་ཐུབ་པ་དེ་ཡིན། སྐབས་འགར་ང་ཚོ་སྤྱི་ཚོགས་སུ་རང་དབང་དང་རང་སྣང་གང་དྲན་ནོར་བ་དང་། སྨྲ་བརྗོད་རང་དབང་དང་གཞི་མེད་སྐྱོན་འཛུགས་ནོར་བ་ཡོང་གི་ཡོད། མང་གཙོའི་ལམ་ལུགས་ལག་བསྟར་བྱེད་པའི་སྤྱི་ཚོགས་ནང་། ཤེས་ཡོན་དང་། གོ་རྟོག ཕན་ཚུན་བརྩི་འཇོག་བཅས་མེད་ཐབས་མེད་པ་ཡིན། དེ་ལས་དཔྱད་ཞིབ་དང་། ཞིབ་དཔྱོད། དབང་འཛིན་པའི་བྱེད་ཐབས་དང་། འཆར་གཞི། ཐབས་ཇུས་སོགས་ལ་གཏིང་རིང་པོ་ཞིབ་འཇུག་བྱེད་ཆོག་པ་དང་། གྲུབ་དོན་དང་དགེ་སྐྱོན་ཕྱིར་སྒྲག་བྱེད་ཆོག་ལ། དེ་མཚུངས་སུ་འོས་བབས་ཀྱི་འགན་ཁུར་ཡང་ལྡན། བོད་ཀྱི་མང་གཙོའི་ལམ་ལུགས་འདི་སྤུས་ཚད་ལྡན་པ་ཞིག་ཡོང་མིན་ནི་མི་མང་ལ་རག་ལས་ཡོད་པ་དང་། མི་མང་གིས་འགན་ཁུར་ཐུབ་མིན་ལ་ཐུག་ཡོད། དེས་ཕྱིར་མི་མང་གི་མང་གཙོའི་གོ་རྟོགས་གོང་འཕེལ་གཏོང་དགོས། སྤྱི་མང་ལ་འགན་ཁུར་གྱི་འདུ་ཤེས་ལྡན་པ་དང་། སྤྱི་དོན་ཧུར་བརྩོན་བྱེད་ཞིག་དགོས། དེ་ལྟར་མ་བྱུང་པར། སྤྱི་དོན་སྒྲུབ་མཁན་ལ་མཐོང་ཆུང་དང་། སྤྱི་ཚོགས་གོ་ལོག་ཐེབས་པའི་སྟོང་བཤད་དག་གིས་འཇུག་འབྲས་ཇི་ཡོང་ལ་བསམ་ཤེས་ནན་ཆེར་བྱ་དགོས་པར་སྙམ། ང་ཚོ་ནི་འཐབ་རྩོད་པ་ཞིག་ཡིན་ཕྱིར་ཆིག་སྒྲིལ་ཡང་གཙོ་གནད་དུ་བཟུང་དགོས་པར་འདོད། ། ༢༠༡༤ ༠༩ ༠༢ ཉིན། །