དབྱིན་ཡུལ་གྲོས་ཚོགས་ནང་བོད་དོན་སྐོར་གླེང་སློང་ཤུགས་ཆེར་གནང་བ།
ཐེངས་ 7706 བཀླགས་འདུག
ཕྱི་ལོ་ ༢༠༡༤ ཕྱི་ཟླ་ ༡༢ ཚེས་ ༡༠ སྟེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར། དབྱིན་ཡུལ་གྲོས་ཚོགས་འོག་མའི་ནང་བོད་ཀྱི་གནད་དོན་སྐོར་གླེང་སློང་ཤུགས་ཆེར་གནང་ཡོད་པའི་གནས་ཚུལ་ཐོན་འདུག
དེའང་ཕྱི་ལོ་ ༢༠༡༣ ལོའི་ཕྱི་ཟླ་ ༡༡ ཚེས་ ༢༥ ཉིན། བཙན་བྱོལ་བོད་གཞུང་གི་སྤྱི་འཐུས་རྣམ་པ་ཡུལ་དེར་སྐོར་བསྐྱོད་ཕེབས་སྐབས། ད་ལན་དབྱིན་ཡུལ་གྲོས་ཚོགས་ནང་བོད་དོན་གླེང་མཁན་གཙོ་བོའི་གྲས་དང་མཇལ་འཕྲད་དང་བོད་དོན་སྐོར་ཞུ་གཏུག་ནན་ཆེར་གནང་ཡོད་ཅིང་། ཐེངས་འདིའི་བོད་དོན་གླེང་མོལ་འདིའང་མཇལ་འཕྲད་ཞུ་གཏུག་དེ་དང་འབྲེལ་བ་ཆེན་པོ་ཡོད་པ་རེད། དེའང་གྲོས་ཚོགས་ནང་བཀའ་མོལ་གླེང་མཁན་གཙོ་བ་ནི། གོང་འཁོད་པར་རིས་གནང་གསལ་བའི་བོད་མི་མང་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་ཀྱི་གཡས་ཕྱོགས་སུ་བཞེངས་པའི་དབྱིན་ཡུལ་གྲོས་ཚོགས་ཀྱི་འཐུས་མི་ཧྥ་བྷི་ཡན་ཧེ་མིལ་ཊན་ (Fabian Hamilton MP) ཟེར་བ་ཁོང་རེད་འདུག གླེང་སློང་གི་སྐབས་སུ། དབྱིན་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་དང་རྒྱ་ནག་དང་འབྲེལ་ལམ་བྱེད་ཕྱོགས་ཐོག་སྐྱོན་བརྗོད་ཤུགས་ཆེ་གནང་བ་དང་ཆབས་ཅིག དབྱིན་གཞུང་ངོས་ནས་བོད་དོན་དང་འགྲོ་བ་མིའི་ཐོབ་ཐང་ཐོག་འཛིན་པའི་སྲིད་བྱུས་དེ་ཐབས་སྐྱོ་བོ་ཞིག་ཡིན་པ་སོགས་འགྲེལ་བརྗོད་བྱས། སྐབས་དེར་དབྱིན་ཡུལ་གྲོས་ཚོགས་ཀྱི་འཐུས་མི་ཧྥ་བྷི་ཡན་ཧེ་མིལ་ཊན་(Fabian Hamilton MP) གྱིས་བགྲོ་གླེང་ཐོག་བོད་ནང་སྨྲ་བརྗོད་རང་དབང་མེད་པའི་གནད་དོན་དང་འབྲེལ་གསུང་དོན། ཆབ་སྲིད་བཙོན་པ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དང་། གླུ་བ་ལོ་ལོ། སྐལ་བཟང་ཡར་འཕེལ། པདྨ་རིག་འཛིན་བཅས་ཀྱི་གནས་སྟངས་སྐོར་གསལ་སྟོན་གནང་འདུག
རྒྱ་ནག་གཞུང་གིས་ཕྱི་ཕྱོགས་སུ་བོད་ནང་གི་གནས་སྟངས་ཡག་པོ་ཡོད་པ་སྟོན་ཐབས་སུ་ཁྱོག་བཤད་འདྲ་མིན་དང་། བོད་ནང་སྨྲ་བརྗོད་རང་དབང་སོགས་འགོག་ཐབས་ཀྱི་འཆར་གཞི་ལྡན་པའི་སྲིད་བྱུས་སྣ་ཚོགས་ཞིག་ལག་བསྟར་བྱེད་བཞིན་པ་ནི་བརྗོད་མི་དགོས་པ་ཞིག་ཡིན། དབྱིན་གཞུང་ནས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་སྤྱི་དང་། ལྷག་པར་འགྲོ་བ་མིའི་ཐོབ་ཐང་དང་མི་དམངས་ཀྱི་རང་དབང་དང་འབྲེལ་བའི་རྒྱལ་སྤྱིའི་ཁྲིམས་སྒྲིག་ཁག་ལ་རྩིས་མེད་གཏོང་བཞིན་པ་དེར་གདོང་ལེན་བྱེད་དགོས་པའི་སྐུལ་མ་གནང་བ་དང་སྦྲགས། དབྱིན་གཞུང་ངོས་ནས་བོད་དོན་ཐོག་ལངས་ཕྱོགས་དེ་བས་ཤུགས་ཆེ་རུ་བཏང་སྟེ། ནུས་པ་གང་ཡོད་བཏོན་ནས་རྒྱ་ནག་གཞུང་ལ་ད་ལྟའི་མཁྲེགས་འཛིན་ཅན་གྱི་སྲིད་བྱུས་འདི་ལ་འགྱུར་བ་གཏོང་དགོས་པ་ཞིག་བཟོ་དགོས་རེད་ཅེས་གསུངས་འདུག སྐབས་དེར་གྲོས་ཚོགས་འཐུས་མི་གཞན་ཁག་གཅིག་གིས་ཀྱང་སྐུ་ཞབས་ཧྥ་བྷི་ཡན་ཧེ་ མིལ་ཊན་གྱིས་གསུང་བཤད་ལ་རྒྱབ་སྐྱོར་གྱིས་འགྲེལ་བརྗོད་གནང་བ་དང་བོད་ནང་གི་གནས་སྟངས་ཐོག་བློ་འཚབ་ཡོད་སྐོར་སོགས་གསུངས་འདུག
སྐབས་དེར་དབྱིན་གཞུང་གི་ཕྱི་སྲིད་བློན་ཆེན་ Hugo Swire གྱིས་གཞུང་ཕྱོགས་ཀྱི་ལན་འདེབས་གནང་སྐབས་བོད་ཀྱི་གནད་དོན་འདིར་དོ་སྣང་དང། བགྲོ་གླེང་གང་མང་བྱེད་འོས་པ་ཞིག་ཡིན་པའི་དགོངས་སྐོར་གསུངས་འདུག དེ་བཞིན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་གཟུགས་གཞིའི་གནས་བབ་ཐོག་ནས་བཙོན་བཀྲོལ་གཏོང་དགོས་སྐོར་རྒྱ་ནག་གཞུང་ལ་འབོད་སྐུལ་ཞུས་ཡོད་སྐོར་གསུངས་ཡོད་པ་མ་ཟད། དབྱིན་གཞུང་གི་ངོས་ནས་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པ་དང་། བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་ཀྱི་མེད་པའི་ལངས་ཕྱོགས་ནན་བཤད་དང་སྦྲགས། དབྱིན་གཞུང་ཕྱོགས་ནས་རྒྱལ་ཁབ་ཕྱོགས་གཉིས་དབར་མཇལ་འཕྲད་དང་ཚོགས་འདུ་ནམ་ཚོགས་སྐབས་རྒྱ་ནག་གཞུང་ལ་འགྲོ་བ་མིའི་ཐོབ་ཐང་གི་ཐོག་གླེང་སློང་གནང་མུས་ཡིན་སྐོར་སོགས་གསུངས་ཡོད་པ་རེད།