དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་གྲོས་ཚོཌ་དབུ་ཚུགས་ཡོད་པ་རེད།
ཐེངས་ 11084 བཀླགས་འདུག
གྲོས་ཚོགས་ཚོགས་དུས་དགུ་བ་དེ་རིང་ནས་དབུ་འཛུགས་གནང་སོང་།
དེ་རིང་བོད་མི་མང་སྤྱི་འཐུས་གྲོས་ཚོགས་མགོ་འཛུགས་གནང་ཡོད་ཅིང་། ད་རེབ་ཚོགས་འདུའི་སྟེང་བཙན་བྱོལ་བོད་མིའི་སྔོན་རྩིས་གཏན་འབེབས་དང་། སྤྱི་འཐུས་རྒྱུན་ལས་ཀྱིས་ཆེད་འཛུགས་གནང་བའི་ཚོགས་ཆུང་ཁག་གི་སྙན་ཐོར་བགྲོ་གླེང་། ཇོ་ནང་གི་གནད་དོན་དང་ཨོ་སི་ཊོ་ལེ་ཡ་སོགས་སུ་སྤྱི་འཐུས་དགོས་མིན་ཐག་གཅོད་གནང་རྒྱུ་ཡིན་འདུག
དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ ཐོག་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༩ པ་དེ་གངས་སྐྱིད་སྤྱི་འཐུས་ཚོགས་ཁང་དུ་དབུ་འཛུགས་གནང་ཡོད་པ་དང་། ཚོགས་ཐོག་ཏུ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གི་དབུས་སྤྱི་འཐུས་རྣམ་པ་དང་། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་བཀའ་བློན་རྣམ་པ། དེ་བཞིན་ཟུར་ཉན་དུ་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་དང་གྲོས་ཚོགས་ལས་རིམ་ལ་དོ་སྣང་ཡོད་རིགས་བཅས་འཛོམས་སོང་། ཚོགས་འདུ་དབུ་འཛུགས་ཀྱི་ཚོགས་གཙོའི་གཏམ་བཤད་ལྟར་ན། ཐེངས་འདིའི་གྲོས་ཚོགས་ཐོག་ཕྱི་ལོ་ ༢༠༡༥ ནས་ ༢༠༡༦ བར་གྱི་སྔོན་རྩིས་གཏན་འབེབས་དང་། སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྙན་ཐོ་དང་མང་ཚོགས་རྩིས་ཕྲ་ཚོགས་ཆུང་གི་སྙན་ཐོ། དེ་བཞིན། ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་སྒྲིག་གཞི་དང་འབྲེལ་བའི་ཚོགས་ཆུང་གི་སྙན་ཐོ་དང་། སྦེལ་ཀོབ་འཚོ་བྱེད་སྨན་ཁང་གི་གནད་དོན་སྐོར་གྱི་རྟོག་ཞིབ་སྙན་ཐོ་བཅས་ལ་བགྲོ་གླེང་བསྐྱར་ཞིབ་དང་། བཅའ་ཁྲིམས་བསྐྱར་བཅོས་ཁག་ཅིག་ཡོང་འཆར་ཡོད་པའི་ནང་ཇོ་ནང་ཆོས་བརྒྱུད་ཀྱི་འཐུས་མིའི་སྐོར་དང་། ཨོ་སི་ཊོ་ལི་ཡ་དང་ནེའུ་ཛི་ལན་ཌིའི་ནང་སྤྱི་འཐུས་དགོས་མིན་དགོས་གྲོས་བསྡུར་ཐག་གཅོད་བྱེད་དགོས་ཀྱི་ཡོད་འདུག བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཚོགས་འདུ་དབུ་གསུང་བཤད་གནང་དོན། ཉེ་ལམ་གྲོལ་མ་ཐག་པའི་རྒྱ་ནག་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐོག རྒྱ་གཞུང་གིས་ངོས་འཛིན་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུ་མཆོག་གིས། བོད་ཁུལ་གྱི་དགོན་པ་ཁག་གི་ནང་དམ་དྲག་བྱེད་ཤུགས་ཆེ་དྲགས་པ་དང་གྲྭ་བའི་གྲངས་འབོར་མང་དུ་གཏོང་དགོས་པ་སོགས་ཀྱི་སྐོར་ནས་དོན་ཚན་ཁག་ཅིག་ཡར་ཞུ་གནང་ཡོད་པ་དང་། མ་འོངས་པར་གྲུབ་འབྲས་འཐོན་མིན་ལ་མ་ལྟོས་པར་ཡར་ཞུ་བྱེད་ས་ཞིག་ཡོད་པ་དེ་ཡག་པོ་རེད་ལ། གྲོས་གཞི་དེ་བརྒྱུད་ནས་བོད་ནང་འགྱུར་བ་ག་ཚོད་ཅིག་གཏོང་ཐུབ་མིན་དེ་མ་འོངས་པར་བལྟ་དགོས་པ་ཞིག་ཆགས་ཡོད་པ་རེད། དེ་བཞིན་ཀྲུག་ཝེ་ཆོན་གྱིས་ཀྱང་བོད་རྒྱ་འབྲེལ་མོལ་ཐོག་སྐད་ཆ་ཁ་ཤས་བཤད་ཡོད་པ་རེད། ༧རྒྱལ་བ་རིན་པོ་ཆེ་མཆོག་ལ་ཟུར་ཟའི་སྐད་ཆའང་བཤད་ཡོད་པ་རེད། དེ་དག་ཚང་མས་མཁྱེན་གསལ་རེད། ཅེས་སོགས་གསུངས་སོང་།
ཚོགས་གཙོ་མཆོག་གིས་མུ་མཐུད་དུ་གསུངས་དོན། ད་རེབ་ཀྱི་གྲོས་ཚོགས་འདུ་གཙོ་བོ་སྔོན་རྩིས་ཆགས་ཡོད་པ་རེད། དུས་ཚོད་མང་ཆེ་བ་སྔོན་རྩིས་ཐོག་གཏོང་དགོས་པ་ཆགས་ཀྱི་ཡོད་པ་རེད། ཡིན་ནའང་སྟབས་མ་ལེགས་པར་ ༢༠༠༨ ནས་བཟུང་གྲོས་ཚོགས་ག་དུས་ཚོགས་ཀྱང་བོད་ནང་གི་གནས་སྟངས་ཐོག གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་ཅིག་འགྲོ་བསྡད་ཡོད་པ་རེད། དེའི་སྟེང་ལ་བགྲོ་གླེང་གནང་བ་ཡིན་ན་གནས་ཚུལ་མང་པོ་ཞིག་མཁྱེན་པར་ཕན་ཐོགས་ཡོང་གི་རེད།ད་རེབ་སྔོན་རྩིས་ཀྱི་ཚོགས་འདུ་ཡིན་སྟབས། དཔལ་འབྱོར་བཀའ་བློན་མཆོག་གིས་སྔོན་རྩིས་སྐོར་ལ་གཏམ་བཤད་གནང་གི་རེད། དེ་དང་མཉམ་དུ་སྔོན་དཔག་འཆར་རྩིས་ཚོགས་ཆུང་གི་སྙན་ཐོའང་དེ་རིང་འགྲེམ་གྱི་ཡོད་པ་རེད། དེའི་ཐོག་ལ་སྤྱི་འཐུས་རྣམ་པ་ཚོས་ཐུགས་སྣང་གནང་རོགས། བཀའ་ཤག་གི་ངོས་ནས་ ༢༠༡༤ ལོ་དེ་བཀའ་དྲིན་རྗེས་དྲན་གྱི་ལོ་ལ་སྲུང་གཙི་གནང་བ་རེད། ད་རེབ་ཀྱི་གྲོས་ཚོགས་འདིའི་ནང་མཐའ་མའི་ལས་རིམ་ལྟ་བུར། ༧གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གྲོས་འཆར་ཞིག་ཕེབས་ཀྱི་ཡོད་པ་རེད། དེ་ལའང་སྤྱི་འཐུས་རྣམ་པ་ཚོ་མཉམ་ཞུགས་གནང་གི་རེད། སྤྱི་འཐུས་ལྷན་ཁང་གི་ལས་འགན་གཙོ་བོ་ཁྲིམས་བཟོ་ཡིན་སྟབས། ད་རེབ་བཅར་ཁྲིམས་དང་སྒྲིག་གཞི་བསྐྱར་བཅོས་ཀྱི་གནས་ཚུལ་གཅིག་གཉིས་ཤིག་ཡོད་པ་རེད། བཅའ་ཁྲིམས་བསྐྱར་བཅོས་ནང་དུ་གཙོ་བོ་ཞིག་འདས་པའི་ལོ་ཁ་ཤས་ནང་དུ་ཇོ་ནང་གིས་རེ་བ་ཞིག་བརྒྱབ་བསྡད་ཡོད་པ་རེད། ང་ཚོས་དམངས་གཙོའི་ལམ་སྲོལ་ཐོག་ནས་ཐག་གཅོད་དགོས་པ་ཞིག་དང་། རྒྱ་བལ་འབྲུག་གསུམ་འཕུད་པའི་ཨོ་སི་ཊོ་ལེའི་ཨེ་ཤཱིན་དང་། ནེའུ་ཛི་ལན་ཌའི་ས་ཁུལ་དུ་སྤྱི་འཐུས་ཀྱི་ས་མིག་གཅིག་གི་གོ་སྐབས་སྤྲད་དང་མ་སྤྲད་ཀྱི་སྐད་ཆ་ཞིག་ཡོད་སྟབས། དེ་དག་ཐོག་ལའང་གུ་ཡངས་པོ་དང་བསམ་བློ་རྒྱ་ཆེན་པོའི་ཐོག་ནས་དགོངས་པ་བཞེས་རྒྱུ་གལ་ཆེན་པོ་རེད། ཅེས་སོགས་གསུངས་སོང་། ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ད་རེབ་གྲོས་ཚོགས་ནང་ཆེད་འཛུགས་ཚོགས་ཆུང་ཁག་ཅིག་གི་སྙན་ཐོ་འབྱོར་གྱི་ཡོད་པའི་ཐད། ཚོགས་ཆུང་ཁག་གི་སྙན་ཐོ་གང་ལ་གང་འཚམ་ཞིག་ད་རེབ་གྲོས་ཚོགས་ནང་སླེབ་ཀྱི་ཡོད་པ་རེད། དེ་དག་ཁྲོད་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྙན་ཐོ་དང་། མང་ཚོགས་རྩིས་ཁྲ་ཚོགས་ཆུང་གི་སྙན་ཐོ་ཕེབས་ཡོང་གི་རེད། དེའི་སྐོར་ལ་མཇུག་སྐྱོང་བྱེད་སྟངས་ཐོག་འཛིན་སྐྱོང་བཀའ་ཤག་དང་སྤྱི་འཐུས་རྒྱུན་ལས་ངོས་ནས་ཐུགས་འཁུར་བཞེས་དགོས་པ་ཁག་ཅིག་ཡོང་གི་རེད།
དེ་བཞིན་ལོ་ཁ་ཤས་རིང་ཕྱོགས་སྐྱོད་སྤྱི་འཐུས་ཚོའི་ཕྱག་ལས་གནང་སྟངས་ཐོག་སྐད་ཆ་མང་པོ་ཞིག་ཡོང་གི་ཡོད་པ་རེད། དེའི་ཐད་སྤྱི་འཐུས་རྒྱུན་ལས་ཀྱིས་ཚོགས་ཆུང་ཞིག་བཙུགས་ཡོད་པའི་སྙན་ཐོའང་འབྲེལ་བའི་སྒྲིག་གཞིའི་འཆར་ཟིན་ཞིག་ད་རེབ་ཡོང་གི་རེད། གྲོས་ཚོགས་སྔ་མའི་མཇུག་སྐྱོང་དགོས་པའི་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་སྒྲིག་གཞི་དང་འབྲེལ་བའི་ཚོགས་ཆུང་གི་སྙན་ཐོ་ཞིག་ད་རེབ་ཡོང་གི་ཡོད་པ་རེད། དེ་མ་ཕེབས་སྔོན་ལ་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་གནས་བབ་གང་འདྲ་ཆགས་ཀྱི་ཡོད་མེད་ཀྱི་ཚོགས་ཆུང་ཞིག་དེ་སྔོན་བཀའ་ཤག་གིས་འཕྲོད་བསྟེན་ལ་ཞུས་ཡོད་ཀྱང་སྤྱི་འཐུས་ལྷན་ཚོགས་ཀྱིས་རེ་བ་བརྒྱབ་པ་ལྟ་བུ་ཞིག་ཡོང་ཐུབ་ཡོད་པ་མ་རེད། དེ་དང་འབྲེལ་ནས་གྲོས་ཆོད་ཅིག་ད་རེབ་ཡོང་གི་ཡོད་པ་རེད། དེ་ཕྱིན་པ་ཡིན་ན་སྒྲིག་གཞི་བསྐྱར་བཅོས་དེ་གནས་སྐབས་གྲང་སངས་ལ་གཏོང་རྒྱུ་དང་། གྲོས་ཆོད་མ་ཕྱིན་པ་ཡིན་ན་སྒྲིག་གཞི་བསྐྱར་བཅོས་བྱེད་དགོས་པ་རེད། སྤྱི་འཐུས་ཚོགས་དྲུང་ལས་ཁུངས་དང་ཁྲིམས་དྲུང་ལས་ཁུངས་ཀྱི་ལས་བྱེད་རྣམས་ལས་བྱེད་སྤྱི་མཚུངས་ལྟར་བསྐོ་བཞག་དང་གནས་སྤོར་བྱེད་ཕྱོགས་སྐོར་ལ་ཚོགས་ཆུང་ཞིག་བཙུགས་ཡོད་པ་རེད། ཚོགས་ཆུང་དེའི་སྙན་ཐོའང་སྒྲིག་གཞི་སོགས་ཀྱང་ད་རེབ་ཡོང་གི་རེད། སྤྱི་འཐུས་རྒྱུན་ལས་ཀྱིས་བཙུགས་པའི་འཕྲོད་བསྟེན་བཀའ་བློན་གྱི་ཕྱག་ལས་གནང་སྟངས་སྐོར་ལ་ཚོགས་ཆུང་ཞིག་བཙུགས་ཡོད་པ་རེད། དེའི་སྙན་ཐོའང་ད་རེབ་གྲོས་ཚོགས་ནང་ཕེབས་ཀྱི་ཡོད་པ་རེད། གཞན། ད་བར་དྲི་བ་བཅུ་བཞི་བཅོ་ལྔ་ཞིག་འབྱོར་སོང་། དེ་དག་ལ་འཛིན་སྐྱོང་གི་ལན་རྒྱག་དགོས་པ་དང་། དྲི་བ་ཁག་ཅིག་ཞིབ་ཚགས་མོས་ལན་བསྐྱོན་བདེ་དང་མ་བདེ་འཛིན་སྐྱོང་གིས་ཐུགས་འཁུར་བཞེས་རོགས། དེ་བཞིན། སྒྲིག་གཞི་བསྐྱར་བཅོས་ནང་དུ་འཛིན་སྐྱོང་གི་སྒྲིག་གཞི་བསྐྱར་བཅོས་ཁག་ཅིག་ཡོད་པ་རེད། དེ་ནས་ཁྲིམས་ཞིབ་ཁང་ནས་རེ་ཟུང་ཡོང་མདོག་ཁ་བོ་རེད། གལ་ཆེ་ཤོས་ཤིག་འོས་བསྡུའི་སྒྲིག་གཞི་རེད། འོས་བསྡུ་ཡོང་གི་ཡོད་སྟབས་ད་རེབ་གྲོས་ཚོགས་ནང་གཏན་འབེབས་མ་ཐུབ་ན་ཁག་པོ་ཆགས་ཡོད་པ་རེད། ཅེས་སོགས་གསུངས་སོང་།
མཇུག་ཏུ། ང་ཚོའི་གྲོས་ཚོགས་འདིའི་ནང་གནད་དོན་མང་པོ་ཞིག་གི་ཐོག་གླེང་སློང་བྱེད་དགོས་པ་ཡོང་གི་རེད། དེ་སྔ་གྲོས་ཚོགས་ཀྱི་ལས་རིམ་ཁག་ལ་ཚང་མས་བསམ་ཤེས་ཆེན་པོའི་ཐོག་ནས་གནང་ཡོད་པས་ཆ་ཚང་ཞིག་ཡག་པོ་བྱས་ནས་འགྲོ་ཐུབ་ཡོད་པ་དང་། ད་རེབ་ཀྱི་གྲོས་ཚོགས་ནང་དུའང་སྤྱི་འཐུས་རྣམ་པ་དང་མང་ཚོགས་ནང་དགོངས་ཚུལ་ག་རེ་ཡོད་པ་ཡིན་ནའང་ལྷུག་པོ་བྱས་ཏེ། རྒྱུ་མཚན་དང་ལྡན་ཞིང་དགོངས་པ་རྒྱ་ཆེན་པོ་གནང་དགོས་པ་གལ་ཆེན་པོ་རེད། ཚོགས་གཙོས་ད་རེབ་ཀྱི་གྲོས་ཚོགས་འདི་དེ་སྔ་ལྟར་ཡག་པོ་བྱས་ནས་འགྲོ་ཐུབ་པའི་རེ་བ་ཞུ་བཞིན་ཡོད། ང་རང་ཚོ་དམངས་གཙོའི་ལམ་སྲོལ་ཐོག་འགྲོ་བཞིན་ཡོད་སྟབས། དམངས་གཙོའི་ལམ་སྲོལ་ཐོག་ནས་བགྲོ་གླེང་བྱེད་དགོས་པ་དང་། དེ་བཞིན་བཅའ་ཁྲིམས་དང་སྒྲིག་གཞི་བསྐྱར་བཅོས་གང་ཡིན་ཡང་གཏན་འབེབས་བྱེད་པར་བརྒྱ་ཆ་ཞིག་ལོངས་དགོས་པ་དེ་བཞིན་འགྲོ་ཐུབ་རྒྱུ་དང་། གནད་དོན་ག་འདྲ་ཞིག་ཡིན་ནའང་སོ་སོའི་འདོད་པར་མཐུན་པ་དང་མི་མཐུན་གང་ཡིན་ཡང་། གྲོས་ཚོགས་ནང་ལྷིང་པོ་བྱས་ཏེ་གྲོས་བསྡུར་གྱིས་ཐག་གཅོད་དགོས་པ་དེ་གལ་ཆེན་པོ་དང་། སྤྱི་ཚོགས་ནང་བརྡབ་གསིག་མ་ཐེབས་པ་ཞིག་གནང་རྒྱུའང་གནད་འགག་ཆེན་པོ་རེད། ཅེས་གསུངས་སོང་བ་དང་། ཐེངས་འདིའི་གྲོས་ཚོགས་ནང་། ཨ་རིའི་སྤྱི་འཐུས་བཀྲ་ཤིས་རྣམ་རྒྱལ་ལགས་དང་སྤྱི་འཐུས་སྐལ་བཟང་དགྲ་འདུལ་ལགས་རྣམ་གཉིས་སྐུ་གཟུགས་བདེ་མིན་གྱིས་ཕེབས་ཐུབ་མེད་པ་དང་། གཞན། ཡུ་རོབ་སྤྱི་འཐུས་གཉིས་ཡུ་རོབ་ལས་འགུལ་གྱི་དབང་གིས་ཐོག་མའི་ཉིན་གཉིས་རིང་བཅར་ཐུབ་མེད་པ་ལས་གཞན་སྤྱི་འཐུས་ཚང་མ་ངོ་བཅར་ཞུས་ཡོད་འདུག གནས་ཚུལ་ཡོང་ཁུངས་བོད་ཀྱི་དུས་བབ།
