དགེ་རྒན་སྟོང་ཕྲག་མང་པོས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཡོད་པ་རེད།
ཐེངས་ 7875 བཀླགས་འདུག
དགེ་རྒན་གྱི་ཟླ་ཕོགས་དམའ་བར་ངོ་རྒོལ།
འདས་པའི་བདུན་ཕྲག་འགའི་རིང་རྒྱ་ནག་བྱང་ཤར་ས་ཁུལ་གྱི་དགེ་རྒན་སྟོང་ཕྲག་མང་པོས་སློབ་མཚམས་བཞག་ཏེ། ཟླ་ཕོགས་དམའ་བ་དང་བཙན་ཤེད་ཀྱིས་རྒན་གསོ་མ་དངུལ་གཅོག་འཕྲིའི་བྱེད་ཐབས་ལ་ངོ་རྒོལ་བྱས་འདུག རྒྱ་ནག་བྱང་ཤར་ས་ཁུལ་གྱི་དགེ་རྒན་ཚོས་གཞི་རྒྱ་ཆེ་བའི་སློབ་མཚམས་བཞག་པའི་ངོ་རྒོལ་དེ་བདུན་ཕྲག་སྔོན་མའི་ནང་མཇུག་བསྡུས་ཡོད་པ་དང་། ཉེ་བའི་ཉིན་འགའི་རིང་དེ་ལྟ་བུའི་སློབ་མཚམས་བཞག་པའི་ལས་འགུལ་དེ་དུས་ཚོད་ཐུང་ངུ་ཞིག་གི་ནང་གྲོང་ཁྱེར་དང་རྫོང་མང་པོའི་ནང་དུ་ཁྱབ་སྟེ། དགེ་རྒན་གྱི་ཟླ་ཕོགས་དམའ་བའི་དོན་དུ་ངོ་རྒོལ་བྱེད་བཞིན་ཡོད་པ་རེད།
རྒྱ་ནག་ཏུ་དུས་ཡུན་རིང་པོའི་སྔོན་ནས་དགེ་རྒན་ནི་ལྟོས་འཇོག་གིས་ཡོང་འབབ་ཅུང་དམའ་བའི་གྲས་ཀྱི་ལས་ཀ་ཞིག་ཡིན་པ་དང་། ཉེ་བའི་ཆར་རྒྱ་ནག་ཧན་ལོང་ཅང་ཞིང་ཆེན་གྱི་དགེ་རྒན་ཚོས་སློབ་མཚམས་བཞག་སྟེ་ངོ་རྒོལ་བྱས་དགོས་པའི་རྒྱུ་མཚན་ཡང་། སྲིད་གཞུང་གིས་དགེ་རྒན་གྱི་ཟླ་ཕོགས་ནས་རྒན་གསོ་མ་དངུལ་གཅོག་འཐེན་བྱས་པར་བརྟེན་ནས་བྱུང་བ་ཞིག་ཡིན་ཞིང་། དེ་སྔོན་གཞུང་ཞབས་ལས་བྱེད་མི་སྣའི་ལག་ནས་རྒན་གསོ་ཁག་ཐེག་མ་དངུལ་བསྡུ་བའི་ལམ་སྲོལ་མེད་པ་རེད། སློབ་མཚམས་བཞག་པའི་དགེ་རྒན་ཁ་ཤས་ཀྱིས་བརྗོད་པ་ལྟར་ན། ཁོང་ཚོར་ཟླ་རེར་གླ་ཕོགས་རྒྱ་སྒོར་ཆིག་སྟོང་ཙམ་ལས་མེད་པ་དང་། ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་པའི་དགེ་རྒན་ཞིག་ཡིན་ནའང་ཟླ་རེའི་གླ་ཕོགས་རྒྱ་སྒོར་༢༥༠༠ ཙམ་ཡིན་ཞིང་། ཁོང་ཚོའི་ངོས་ནས་བཤད་ན། སྲིད་གཞུང་གིས་གསར་ཏུ་གཏན་འབེབས་བྱས་པའི་རྒན་གསོ་མ་དངུལ་བསྡུ་ལེན་གྱི་སྲིད་བྱུས་དེ་ནི་དང་ལེན་བྱེད་ཧ་ཅང་དཀའ་བ་ཞིག་ཡིན་པ་རེད། དགེ་རྒན་གྱི་སློབ་མཚམས་བཞག་པའི་ལས་འགུལ་དེ་འདི་ལོའི་ཕྱི་ཟླ་༡༡ པའི་ཟླ་དཀྱིལ་ཙམ་ལས་ག་ལེར་མང་དུ་སོང་སྟེ། ད་ལྟ་ཧན་ལོང་ཅང་ཞིང་ཆེན་གྱི་གྲོང་ཁྱེར་དྲུག་ཙམ་གྱི་ནང་དུ་ཁྱབ་ཡོད་པ་དང་། ངོ་རྒོལ་བ་ཚོས་སྲིད་གཞུང་གི་སྒོ་འགྲམ་བར་དུ་ཁྲོམ་སྐོར་བྱེད་བཞིན་པ་མ་ཟད། ས་ཆ་ཁ་ཤས་ཀྱི་ནང་དུ་སློབ་ཁྲིད་ལས་མཚམས་བཞག་ཟིན་ཡོད་འདུག། གནས་ཚུལ་ཡོང་ཁུངས་བོད་ཀྱི་བང་ཆེན།