༧གོང་ས་མཆོག་དབུ་བཞུགས་ཀྱི་གསང་བའི་ཡིག་ཆ་ཕྱིར་གྱར་བ།
ཐེངས་ 6390 བཀླགས་འདུག
༑ ཉེ་ཆར་ཕྱི་ཟླ་ ༤ ཚེས་ ༢༥ རེས་གཟའ་ཟླ་བའི་སྔ་དྲོ་ངྷ་སར་གནས་སྡོད་ཚོགས་ཟུར་དང་བཀའ་ཟུར་ངོ་ཡོད་རྣམས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧ཞབས་དྲུང་དུ་བཀའ་ཟུར་ཡོངས་ཀྱི་གསོལ་འདེབས་༧སྙན་ཞུར་བཅར་སྐབས་བསྩལ་ཕེབས་བཀའ་སློབ་སྙིང་བསྡུས་སུ་ཟིན་ཐོ་བཀོད་པ།
༄༅།།ཁྱེད་རང་ཚོ་ཚང་མ་ཕལ་ཆེར་ངས་འགན་འཁྱེར་བསྡད་པའི་སྐབས་ཀྱི་མི་ཐོག་ཡིན་པ་འདྲ། ད་ང་ཚོའི་མི་ཐོག་དེ་ཧ་ལམ་རྫོགས་ཚར་འདུག ཅེས་གསུངས་ཏེ་མཚན་འཁོད་༧སྙན་ཞུའི་དོན་ཚན་རེ་རེ་བཞིན་ལྗགས་ཀློག་གནང་ནས་ཁྱེད་རང་ཚོ་འཛོམས་ནས་གོ་བསྡུར་བྱུང་བ་ཡག་པོ་བྱུང་འདུག ད་ལག་བསྟར་བྱ་རྒྱུ་གལ་ཆེན་པོ་རེད། བར་ལམ་ང་ཚོའི་འོས་བསྡུ་དེ་གང་འདྲ་ཞིག་བྱུང་སོང་། ལྷག་པར་འོས་བསྡུའི་སྐབས་ཨ་རིའི་ཆབ་སྲིད་པའི་འགྲན་རྩོད་བྱེད་སྟངས་འདྲ་པོ་སྒེར་གྱི་སྐྱོན་བརྗོད་བྱས་ཡོང་གི་འདུག དེ་སྔ་བློ་བཟང་སེང་གེ་དང་བཀྲ་ཤིས་དབང་འདུས། བསྟན་འཛིན་རྣམ་རྒྱལ་བཅས་བྱུང་བ་དེའི་སྐབས་འདི་འདྲ་བྱུང་མེད། བློ་བཟང་སེང་གེ་ཨ་རི་ཧར་ཝཊ་ནས་ཐོན། དེང་དུས་ཀྱི་སློབ་སྦྱོང་བྱས། དང་པོ་འཇམ་པོ་དང་ཡག་པོ་བྱས་སོང་། ངས་དང་ཐོག་ཡག་པོ་ཡོང་གི་རེད་བསམ་རེ་བ་ཆེན་པོ་བྱས་པ་ཡིན། ད་ཆ་ཧམ་པ་ཚ་རུ་ཚ་རུ། ཧམ་པའི་མཉམ་དུ་སྐྱག་བརྫུན་ཡང་ཡོང་གི་རེད། ངས་རྒྱུན་དུ་ཡ་རབ་བྱེད་དགོས་པ་དང་དམའ་ས་བཟུང་དགོས་པ་ཤོད་ཀྱི་ཡོད་རེད། ད་ངས་རྩིས་སྤྲོད་བྱེད་སའི་བོད་མིའི་འགོ་འཕྲིད་དེ་ཚོའི་བྱེད་སྟངས་གང་འདྲ་ཞིག་འདུག བར་ལམ་འོས་བསྡུའི་ཐད་ལའང་ཤོག་ཕྱོགས་འཐེན་བྱས། ངའི་འཕྲིད་དེར་ཡོད་མཁན་ཚོས་བྱེད་སྟངས་འདི་འདྲ་བྱས་ཡོང་དུས་བློ་ཕམ་ཡོང་གི་འདུག ད་བསྡད་དང་མ་བསྡད་མི་འདུག་དྲན་གྱི་འདུག ཨ་རིའི་དོན་གཅོད་ཡིན་མུས་ཆབ་མདོ་བ་དེས་ཀྱང་ངའི་མིང་བེད་སྤྱོད་བཏང་ནས་བློ་བཟང་སེང་གེའི་རྒྱབ་སྐྱོར་བྱས་འོས་བསྡུའི་དྲིལ་བསྒྲགས་བྱས་འདུག གང་ལྟར་དཔུང་སྒྲིག་ནས་གང་འདྲ་བྱས་སོང་། ཨ་མདོའི་ཕྱོགས་ནས་ངས་མ་ཤེས་པ་ཡིན་འགྲོ། དེ་འདྲ་རང་བྱུང་མ་སོང་། ཉེ་ཆར་ལྡི་ལིར་ཡོད་སྐབས་རྒྱ་གར་གསང་བའི་ལས་བྱེད་དེ་འདྲ་ཐུག་བྱུང་། ཁོང་ཚོས་ཟེར་ཡག་ལ། ” ད་ཁྱེད་རང་ཚོའི་འོས་བསྡུ་དེ་ཡང་ང་ཚོའི་ཆབ་སྲིད་པའི་འོས་བསྡུ་འདྲ་པོ་ཆགས་འགྲོ་གི་འདུག ” ཟེར་བྱུང་། དེ་བདེན་པ་རེད། ངས་སྔ་མོ་ང་ཚོ་ན་ལཎྜའི་མཁས་པའི་དགེ་ཕྲུག་རེད། ད་རྒྱ་གར་གྱི་ཆབ་སྲིད་ཀྱི་དགེ་ཕྲུག་ཆབས་པ་རེད་ཟེར་རྒྱུ་བྱུང་། གང་བྱས་ངས་གཞན་ལ་ཡ་རབས་བཟང་སྤྱོད་སྐོར་ཤོད་ཀྱི་ཡོད་རེད་དེ། ངའི་འགྲམ་དེར་བསྟན་པ་འགོ་ནས་བཤིགས་ཡོང་གི་ཡོད་རེད། ག་ཚོད་ལབ་ཀྱང་ཕན་ཐོགས་མེད་ན་གང་བྱེད། ངས་བཤད་པ་དེ་ངའི་ཁྲིད་དེར་ཡོད་པ་ཚོས་མ་ཉན་ན། ད་བསྡད་མ་བསྡད་མི་འདུག་དྲན་གྱི་འདུག ཡིན་ནའང་ཕྱོགས་གཞན་ཞིག་ནས་ཕྱི་རྒྱལ་ཚོས་ངས་བཤད་པ་དེ་ལ་དོ་སྣང་བྱས་ལག་ལེན་འདྲ་བསྟར་གྱི་ཡོད་རེད། དེ་ག་ནང་བཞིན་རྒྱ་གར་བའི་ནང་ལའང་ངས་བཤད་པ་ལ་དོ་སྣང་ཞེ་དྲག་བྱེད་ཀྱི་འདུག དེ་ཚོ་ལ་བལྟས་ན་ཏན་ཏན་ཕན་ཐོགས་ཤིག་ཡོད་པའི་བཟོ་འདྲ་ཞིག་འདུག མ་བསྡད་ན་མ་འགྲིགས་པ་དེ་འདྲ་སེམས་ཀྱི་འདུག
ཁ་ཉིན་སྨན་རྩིས་ཁང་གི་མཛད་སྒོའི་ཉིན་ང་འདི་ནས་ཕར་འགྲོ་དུས་སྲིད་སྐྱོང་དང་ང་ཚོའི་མཛད་གཙོ་རྣམ་པ་ཞལ་མར་གཟིགས་ནས་འདྲ་ཆགས་པོ་བྱས་ནས་བཞུགས་འདུག འཕྲོད་བསྟེན་བཀའ་བློན་ཕོ་གསར་དེ་ཡང་འདུག དེ་དུས་སྔ་མོ་མངོན་ཤེས་ཅན་གྱི་བླ་མ་(མཚན་གསུངས་སོང་ཡང་ངེས་ཐུབ་མ་སོང་) དེས་ཞལ་མར་གཟིགས་ཁོངས་ན་ནང་པའི་གྲས་སུ་མ་ཚུད་པའང་ཡོད་གསུངས་པ་དེ་དྲན་བྱུང་། ང་ཐུག་དགོས་ཡོད་ཟེར་གྱི་ཡོད་རེད། ཡི་གེ་གཅིག་ཡིག་ཚང་ལ་འབྱོར་འདུག ཚིག་སྐམ་པོས་དགོངས་དག་ལབ་ནས་ག་རེ་ཕན་གྱི་རེད། ང་རླུང་ལངས་ཡག་དེ་ལ་རྒྱུ་མཚན་ཡོད་རེད། ཕྲུ་གུ་ཆུང་ཆུང་རྔན་པ་མ་རག་ནས་རླུང་ལངས་པ་འདྲ་པོ་དེ་འདྲ་མ་རེད། དེ་ཤེས་པ་བྱས་ནས་དོན་ལ་ཕན་པའི་འཆར་གཞི་སྒྲིག་བསམ་བློ་བཏང་ཟླ་དྲུག་ཙམ་ནང་མཐོང་རྒྱུ་ཡོད་པ་ཞིག་བྱེད་ཀྱི་ཡིན་ན་འགྲིགས་པ་རེད། ངས་ག་ཚོད་ལབ་ཀྱང་ཕན་ཐོགས་མེད་ན་གང་བྱེད། (ཕྱག་བརྡ་གནང་སྟེ་) སྐུ་མཁྱེན་སྐུ་མཁྱེན་ཟེར་ཐེ་པོ་མ་སྟེན་པ་ཙམ་མ་གཏོགས་རྟག་པར་ཧུར་ཐག་བྱེད་རོགས། ཧུར་ཐག་བྱེད་རོགས་བཤད་སྡོད་ཀྱི་ཡོད་རུང་དོ་སྣང་བྱེད་མཁན་མི་འདུག སེམས་ཕམ་པོ་ཞེ་དྲགས་བྱུང་། དོན་འགྲུབ་ལྷ་ཐར་ཟེར་མཁན་དེས་ངས་བོད་གཞུང་བསྡུ་གསོག་བརྒྱབས་པ་རེད་ཟེར་བཤད་པ་རེད། འཇམ་དབྱངས་ནོར་བུས་ངས་ལོ་དྲུག་ཅུའི་རིང་གཡས་སྐྱོར་གཡོན་སྐྱོར་བྱས་བདག་པོ་བརྒྱབས་པ་དེ་བསྡུ་གསོག་བརྒྱབས་པ་རེད་ལབ་དུས་བློ་ཕམ་པོ་བྱུང་། ངས་གང་འདྲ་སེ་བསྡུ་གསོག་རྒྱག་གི་རེད། ད་རེས་ཨ་རི་ཌི་སཱི་ལ་ཤི་ཅིན་ཕིང་ཡོང་དུས་དོན་གྲུབ་ལྷ་དར་གྱིས་ངོ་རྒོལ་བྱས་ཏེ་ག་རེ་བཤད་སོང་། རང་བཙན་ཐོབ་ཐང་རེད། ཡིན་ནའང་དངོས་ཡོད་གནས་ཚུལ་ལ་བལྟ་དགོས་ཀྱི་རེད། སྤྱི་འཐུས་གྲོས་ཚོགས་ནང་ལའང་ཁག་གཅིག་གིས་རང་བཙན་གྱི་སྐད་ཆ་ཡོང་སྡོད་ཀྱི་འདུག ལོ་ཤས་གོང་དམིགས་བསལ་ཚོགས་ཆེན་ཚུགས་སྐབས་བདམ་ཁ་བཞི་ཡིན་ནམ་ཅིག་ཡོད། རང་བཙན་དང་། དབུ་མའི་ལམ། རང་ཐང་རང་གཅོད་སོགས་ཡོད་རེད། དེ་དུས་མི་མང་གི་རེ་འདོད་ག་རེ་ཡོད་ནའི་བྱ་རྒྱུ་རེད་ལབ་རྒྱུ་བྱུང་། དེ་རྗེས་ཛྷར་མཱན་གཞུང་ཚབ་ནས་ད་རེས་ཚོགས་ཆེན་འདིས་དབུ་མའི་ལམ་ལ་འགྱུར་བ་མ་བཏང་བ་ཡག་པོ་བྱུང་འདུག གལ་ཏེ་རང་བཙན་སྒང་ལ་ཕྱིན་པ་ཡིན་ན་ཏཱ་ལའི་བླ་མ་ཛྷར་མཱན་ལ་ཕེབས་རྒྱུར་སྐུ་ངལ་ཡོང་སྲིད་ཀྱི་རེད། ཅེས་བསྟན་པ་ལ་ལབ་འདུག དེ་མཚུངས་རྒྱ་གར་གཞུང་རེད།
ཁ་སྔོན་ཚོགས་པ་ཁ་ཤས་ནས་བརྟན་བཞུགས་འབུལ་སྐབས། ག་རེ་ཡིན་མ་དེའི་མིང་ལ། འོ། སོག་ཞབས་དྲུང་། ཁོང་གིས་དོལ་རྒྱལ་ལ་འབྲེལ་བ་མེད་པ་དང་། དབུ་མའི་ལམ་གྱི་སྐོར་ལ་རྒྱག་གཅིག་འཆོང་གཅིག་ཡིན་ལབ་སོང་། ངས་དགའ་པོ་བྱུང་། ཐུག་རྗེ་ཆེ་ལབ་པ་ཡིན། དངོས་གནས་དྲང་གནས་དབུ་མའི་ལམ་དེ་ངས་མགོ་བདེ་པོ་བྱས། ང་སྒེར་ལ་ཕན་པའི་ཆེད་མིན། བོད་ཆགས་འཇིག་གི་གནས་སྐབས་འདིར་དེ་ལས་ལྷག་པ་ཞིག་མི་འདུག ད་ལྟ་རྒྱ་ནག་གིས་ཁ་ཡ་མ་བྱས་སྟབས་དངོས་གནས་དབུ་མའི་ལམ་གྱི་གྲུབ་འབྲས་མ་ཐོན་པ་འདྲ་པོ་རེད། ཡིན་ནའི་སྲིད་བྱུས་དེར་རྒྱབ་སྐྱོར་བྱེད་དུས་དགའ་པོ་བྱུང་། དབུ་མའི་ལམ་སྐོར་བོད་ནང་བོད་རིགས་ལས་བྱེད་རྒན་གྲས་ཚོས་ཤུགས་ཆེ་གླེང་བཞིན་འདུག ཉེ་ཆར་འཐུས་མི་ཚོགས་ཆེན་སྐབས་ཆབ་མདོ་བ་(བྱམས་པ་ཕུན་ཚོགས་) དེས་ཞེ་དྲག་ཤུགས་ཆེ་བཤད་འདུག ཕྱོགས་མཚུངས་ཡང་གླིང་རྡོ་རྗེ་ཁོང་ཚོས་ཤུགས་ཞེ་དྲག་རྒྱག་གི་འདུག དབུ་མའི་ལམ་གྱི་ཐོག་ནས་ང་སྔོན་ལ་རྒྱ་ནག་ལ་གཅིག་འགྲོ་ཐུབ་ན་དེས་དབུ་མའི་ལམ་ལ་གྲུབ་འབྲས་མི་འདུག་ཟེར་བ་དེ་མེད་པ་ཆགས་ཀྱི་རེད། དེ་མ་རེད་པས། དེ་མིན་དངོས་གནས་ཁོང་ཚོས་དབུ་མའི་ལམ་ལ་གྲུབ་འབྲས་མི་འདུག་ཟེར་བ་དེ་བདེན་པ་ཆགས་སྲིད།
བོད་གཞུང་དགའ་ལྡན་ཕོ་བྲང་ཟེར་བ་བོད་སྐད་ནང་གཞུང་ཟེར་ན་ད་བར་འཐེན་འཐེན་འདྲ་ཞིག་ཡོད། དཔེར་ན། དགོན་པ་བཞུང་། གྲ་ཚང་གཞུང་ཞེས་བརྗོད་རྒྱུ་འདུག བོད་པའི་ཚིག་ནང་གི་གཞུང་ཟེར་བ་དེ་ཨིན་ཇིའི་ཚིག་གྷ་ཝར་མཎྜ་ (Government) ཞེས་པ་དེར་གོ་དགོས་པ་མི་འདུག ངས་འགྱུར་བ་གཏོང་ཡག་འདི་བོད་ལ་ཤ་ཚ་ནས་བྱས་པ་རེད་མ་གཏོགས། ང་བློ་ཕམ་པ་དང་། སེམས་ཤུགས་ཆགས་ནས་བྱས་པ་མ་རེད།
ཉེ་ཆར་ཁྲི་རིན་པོ་ཆེ་གཙོས་དགེ་ལུགས་པའི་མཁན་པོ་ཚོ་ཐུག་ག་སླེབས་བྱུང་། ལྷག་བསམ་རྣམ་དག་རེད། དགའ་པོ་བྱུང་། དེ་དུས་ཀྱང་ལབ་པ་ཡིན། ད་འཐུས་ཤོར་ཞེ་པོ་ཞིག་འགྲོ་གི་འདུག ལྷག་པར་འཕྲོད་བསྟེན་སྔོན་འགོག་ཐད་འཐུས་ཤོར་ཆེན་པོ་འགྲོ་གི་འདུག ངས་མ་འོངས་པར་ཟང་ཀར་ར་ཞིག་དགའ་ལྡན་ཁྲི་ལ་ཕེབས་ཐུབ་ན་བསམ་སྟེ་རྒྱུད་སྨད་བླ་མ་དབུ་མཛད་ལ་བསྐོས་པ་ཡིན། དཔེ་ཆ་ཡག་པོ་ཞེ་དྲག་རེད། ད་ཕང་པ་ཞིག་ལ་མཆིན་པའི་སྐྲན་ནད་ཕོག་སྟེ་མཆིན་པ་བརྗེ་རྒྱུའི་སྐད་ཆ་ཤོད་བཞིན་པ་རེད། ལོ་༢༠། ༣༠ དཔེ་ཆ་བལྟས། ད་དཀའ་ལས་ཆ་ཚང་བརྒྱབས་རྗེས་ནད་ཕོག་ན་གང་དྲག་བསམ་པ་ཞིག་ལས་བྱེད་ཐབས་མི་འདུག གདན་སའི་ནང་འཐུས་ཤོར་ཆེན་པོ་ཕྱིན་འདུག གཞིས་ཆགས་ནང་ལ་སྔོན་འགོག་སྨན་བཅོས་མེད་པས་མི་མང་པོ་མེད་པ་ཆག་འགྲོ་ཡི་ཡོད་རེད། སྨན་ཁང་རྫིག་པོ་རྫིག་པོ་ཞིག་བྱས་ནང་ལ་སྨན་པ་ཡོད་མ་རེད། བྷེང་ལོར་ལ་སྨན་པ་ཡག་པོ་ཞིག་ཡོད་པ་ངས་གདན་ས་ཁག་དང་གཞིས་ཆགས་ནང་སྐོར་བསྐྱོད་བྱས་ན་བཤད་པ་ཡིན། གོང་རིམ་ནས་བཀའ་མེད་ན་འགྲོ་ཆོག་གི་མེད་པ་ཤོད་ཀྱི་འདུག གོང་རིམ་ནས་བཀའ་གཏོང་གི་མེད་པ་འདྲ། མ་ཙང་ངས་ཁ་ཉིན་མཛད་སྒོའི་སྐབས་ལབ་ཡིན། དེ་ག་ནང་བཞིན་གཞིས་ཆགས་ནང་གི་འཕྲུལ་རྨོས་སྡེ་ཚན་དེ་དེང་དུས་དང་མཐུན་པ་བཟོས་ནས་ཁྱིམ་མཚེས་རྒྱ་གར་ཚོ་ཡང་ཡོང་རྒྱུ་ཡོད་པ། ཁོང་ཚོར་ཕན་ཐོགས་བྱེད་ཐུབ་རྒྱུ་ཞིག་ཅེས་སྔོན་མ་ནས་བཤད་ཡོད། བྱེད་མཁན་ཡོད་མ་རེད། ད་ལྟ་འང་གུའི་ཚང་བཟོས་ནས་འདུག་མ་གཏོགས་གཞན་གང་ཡང་མིན་འདུག
ཉེ་སྔོན་ཕོ་བྲང་ནང་ལ་་་་གཏོར་སྒྲུབ་ལོ་ལྟར་ཚུགས་ཀྱི་ཡོད་རེད། རྣམ་ཀུན་ནས་དགའ་གདོང་སྐུ་བསྟེན་དང་ཚེ་རིང་མ་བཅས་སྐུ་བསྟེན་ཚོ་བཅར་གྱི་ཡོད་རེད། བསྟན་མ་ཐོག་ཕེབས་རྒྱག་གི་རེད། དེ་ཉིན་ཡང་ཐོག་ཕེབས་བརྒྱབས་སོང་། དེ་ནས་གནས་ཆུང་སྐུ་བསྟེན་ཡར་ཕེབས་ཞུས་པར་དེ་མ་ཐག་ཐོག་ཕེབས་བརྒྱབས་སོང་། ཁོང་ཚོས་ང་ཡོད་པའི་ཐོག་སྤྱན་འདྲེན་ཞུ་དགོས་ཟེར་གྱི་འདུག ངས་ཡོང་གི་མ་རེད། ངས་ག་རེ་བསམ་པ་དེ་ཁྱེད་རང་ཚོས་ཤེས་བསྡད་ཡོད་རེད། ད་མི་ལ་བྱེད་ཡག་མི་འདུག ལྷ་ལ་བྱེད་རྒྱུ་ཡོད་ན་བྱེད་དགོས། ཤོད་རྒྱུ་ཡོད་ན་ཁྱེད་རང་ཚོ་མར་ཕྱིན་ནས་ཤོད། འཚམས་སྦྱོར་བྱེད་དགོས་ན་ངས་བྱེད་ཆོག མ་གཞི་ནས་ལོ་དུས་གཙང་ཉེ་ཡིན་སྟབས་རྣམ་ཀུན་ནས་སྔར་བྱས་ལེགས་པའི་གཏང་རག་དང་། ཕྱིན་ཆད་འཕྲིན་ལས་གཉེར་གཏད། གྲོགས་འཕྲིན་ཡོང་བ་ཞུ་སྲོལ་ཡོད་པ་ལྟར་ཞུས་པ་རེད། དེ་ཚོའི་བཀའ་ལུང་ཁྱེད་རང་ཚོས་ཤེས་ཡོད་རེད།
ད་གང་ལྟར་ང་ལོ་ ༡༠ བསྡད་ན་ ༩༠ རེད། དེའི་བར་དུ་ཅིག་བྱེད་ཐུབ་ཀྱི་རེད། འགུལ་ཐུབ་ཀྱི་རེད། དེའི་རིང་འདིར་ཤུགས་རྒྱག་དགོས་འདུག དེ་ནས་རྒས་ཏེ་གང་ཡང་བྱེད་མི་ཐུབ་པས་དུས་ཚོད་མང་པོ་མི་འདུག ཚང་མས་མ་ཤི་བར་དུ་སྤྱི་དོན་ལ་བསམ་ཞིབ་བྱེད་དགོས། ངས་དགེ་ལུགས་པ་ཁོང་ཚོར་ཡང་བཤད་རྒྱུ་བྱུང་། ས་ཞིང་ལྟ་བུར་ཆ་མཚོན་ན་ག་རེ་བཏབ་བཏབ་རེད། སེར་བྱེས་མཁན་པོ་ཁྱུག་ཙམ་ཐུག་བྱུང་བར་རྒྱ་གར་མཐོ་སློབ་ཁག་ལ་འགྲེལ་བ་བྱུང་འདུག དཔེ་ཡག་པོ་རེད། ད་ང་ཚོས་མཐོ་སློབ་ཁག་ལ་འགྲེལ་བ་བྱས་ཏེ་ཤུགས་བརྒྱབ་ཐུབ་ན་དངོས་གནས་དྲང་གནས་དཔལ་ན་ལཎྡའི་བརྒྱུད་འདི་རིན་ཐང་བྲལ་བ་ཡོང་གི་རེད།
ཁྱེད་རང་ཚོས་བསམ་བློ་བཏང་གོ་བསྡུར་བྱས་ཡག་པོ་བྱུང་བཞག ད་འཇུག་དེད་བྱེད་དགོས། ཡག་པོ་འདུག་ཟེར་བྱས་བཞག་བཞག་ན་ཁ་སིང་ངས་སོག་མའི་འོག་གི་ཆུ་དོང་ཟེར་ཡག་དེ་རེད། ཐུགས་རྗེ་ཆེ། ཡ། ད་ང་ཚོ་དྲན་རྟེན་གྱི་པར་ཞིག་རྒྱག་གོ།
མཆན། ཡིག་ཆ་འདིའི་ནང་ཧ་ལས་པའི་ཡིག་ནོར་མང་པོ་འདུག འཛིན་གྲྭ་པ་བཞི་པ་ལྔ་པའི་སློབ་ཕྲུག་ཅིག་གིས་བྲིས་པའི་ཟིན་བྲིས་འདྲ་པོ་འདུག ཡིག་ཆ་དེ་ཟིན་བྲིས་བྱེད་པོ་སྐབས་དེའི་མཇལ་བཅར་བའི་ཁྲོད་ནས་བཀའ་ཟུར་སྤྱི་ཟུར་དང་མདོ་སྨད་སྤྱི་འཐུས་ལས་ཐོག་པ་ཐུབ་བསྟན་ལུང་རིགས་ཡིན་པ་སྤྱི་ཚོགས་དྲ་ལམ་ཁག་དང་མང་ཚོགས། གྲོས་ཚོགས་ར་བ་བཅས་སུ་ཡོངས་གྲགས་གླེང་སློང་བྱུང་ཡོད། ཡིག་ཆ་དེ་བོད་ཀྱི་ལོ་རྒྱུས་རང་བཞིན་གྱི་གླེང་སློང་བྱ་ཡུལ་གྱི་ཡིག་ཆ་གལ་ཆེན་ཞིག་ཡིན་སྟབས། ཟིན་བྲིས་མ་ཟིན་ནང་གང་བྲིས་པ་ལྟར་སོར་བཞག་བྱས་ཡོད། བཟོ་བཅོས་དང་ཆད་བཅོས། ནོར་བཅོས་བཅས་གང་ཡང་ཞུས་མེད།