༄༅།། རང་ཉིད་ཀྱིས་རང་གི་དེ་ཉིད་བརྗོད་པ།།
ཐེངས་ 20877 བཀླགས་འདུག
ལྷ་ས་བ་ཕུན་ཚོགས་འཁྲུངས་རབ།
དུས་ཀྱི་མདའ་མོ་ཐུར་ནས་ཐུར་དུ་སོང་། །སེམས་ཀྱི་འཆར་སྣང་རྒྱ་མཚོའི་རླབས་ལ་མགྲན། །རབ་བྱུང་ང་ཡི་མི་ཚེའི་ཁ་ཕྱོགས་འདི། །རྣམ་རྟོག་འབུམ་གྱི་དབུས་སུ་ཟད་ལ་ཉེ། །དམ་ཆོས་རིན་ཆེན་འོད་ཀྱི་མདངས་གསལ་ཡང་། །དུག་གསུམ་རྒྱན་དུ་འཆང་བའི་གྲྭ་རྒན་ངར། །སེམས་ཀྱི་གནས་ལུགས་མཐོང་བའི་རེ་བ་ནི། །མཐའ་ཡས་ནམ་མཁའི་ཕ་མཐར་ཡལ་ལ་ཉེ། །མི་ལོ་ཉི་ཤུར་གཞུང་ཆེན་རབ་འབྱམས་ལ། །ཐོས་བསམ་འབད་འབུང་ལས་ཀྱིས་མདའ་མོས་ཀྱང་། །ཐོས་དོན་རྒྱུད་དང་མ་འབྲེལ་སོང་བ་ནི། །དགེ་བཤེས་མིང་སྐམ་འདི་ལས་ཅི་ཡང་མེད། །དགེ་བཤེས་ལྷ་རམས་སྙན་པ་གྲགས་མོད་ཀྱང་། །རྒྱུད་ལ་དུག་གསུམ་རི་བོའི་རུ་སྒྲིག་འདིས། །རང་རྒྱལ་གཞན་ཕམ་ལས་ཀྱིས་བཅིངས་པ་དང་། །དལ་བརྒྱད་འབྱོར་བཅུ་ཚང་བ་དམིགས་མེད་བཅོམ། །བློ་དམིགས་ནང་དུ་ཕྱོགས་ནས་ད་བསམ་ཚེ། །སོ་མཐར་ཚུལ་ཁྲིམས་རྩ་བཞི་ཙམ་ལ་གནས། །ཤེས་རབ་ཡོན་ཏན་ཁ་ཤགས་འགྱེད་བྱེད་ཙམ། །ཆོས་བྱས་འདི་ཡང་འཇིག་རྟེན་ཆོས་བརྒྱད་འདྲེས། །ཁ་ལྕེའི་རྩེ་ནས་བྱང་སེམས་སྨྲ་མོད་ཀྱང་། །ལག་ལེན་སེམས་ལ་རང་རྒྱལ་གཞན་ཕམ་གཟུང་། །ཁ་ཁོག་མི་མཐུན་དགེ་བཤེས་མིང་འཆང་ངས། །བསྟོན་པ་ཐུབ་པའི་བཀའ་དགོངས་ཁྱད་བསད་རེད། །དུས་དེ་རིང་དགེ་སློང་ཐ་ཤལ་ངས། །ཡར་དཀོན་མཆོག་རྣམ་གསུམ་ཚད་བཙུགས་ནས། །མར་མ་རྒན་འགྲོ་བའི་ལུས་ཅན་ལ། །ཕན་ངོ་མ་ཐོགས་པའི ་དམ་ཆོས་ལ། །སྙིང་ནང་མའི་དབུས་ནས་བློས་བཏད་བྱ། །ཞེས་གུང་ཉི་མ་རང་ཉིད་ཀྱིས་དེ་ཉིད་བརྗོད་པ་འདི་ཡང་རང་གི་དེ་ཉིད་མཐོང་བྱེད་དང་དྲན་བྱེད་ཙམ་ལས་གཞན་ལ་ཟུར་ཟའི་རྩོམ་ཐུང་ཞིག་མིན།