བཤེས་གཉེན་ལགས། ངས་ཁྱེད་ལ་རྗེས་དྲན་ཞུ།
ཐེངས་ 26480 བཀླགས་འདུག
༄༅།། བཤེས་གཉེན་ལགས། ངས་ཁྱེད་ལ་རྗེས་དྲན་ཞུ། <<དང་པོ། རྒན་ལགས་དང་མཇལ་བ།>> རྩོམ་པ་པོ་སེར་སྨད་ཡང་སྟེང་སྤྲུལ་སྐུ།
ཡངས་པའི་ས་གཞི་ཆེན་མོར་སྔོ་ལྗང་གི་གོས་ཀྱིས་ཀུན་ནས་བཀླུབས་པ་དང་། གཡུ་ལོ་སྟུག་པོ་ཐུར་དུ་དཔྱངས་པའི་ལྗོན་པ་དུ་མ་ཕྱོགས་དང་ཕྱོགས་མཚམས་སུ་འཁྲིགས་པའི་དབྱར་དུས་ཀྱི་ཉིན་ཞིག་ལ། རྒྱ་གར་ལྷོ་ཕྱོགས་སེ་ར་ཐེག་པ་ཆེན་པོའི་གླིང་དུ། གཡུ་འབྲུག་གིས་ང་རོ་དྲག་ཏུ་བསྒྲགས་ཏེ་དྲག་ཆར་ཤག་ཤག་ཏུ་བབས་པའི་རྗེས་ཤུལ་དུ་ཆར་གྱིས་བརླན་པའི་ལམ་ཕྲན་ཞིག་བརྒྱུད་དེ་ང་ཚོ་མི་བཞི་བཅུ་ཙམ་ལྷན་དུ་རྫ་ལེབ་དམར་སེར་བཀབ་པའི་ཁང་ཆུང་ཐོག་གཅིག་མ་ཞིག་གི་མདུན་དུ་ཕྱིན།
དེ་ནི་ཁང་མིག་གཅིག་ཙམ་ལས་ཨེ་ཡོད་སྙམ་པའི་ཁང་ཆུང་ཞིག་རེད་འདུག སྒོ་ཤར་ངོས་སུ་བསྟན་པའི་ནུབ་བྱང་གི་ཕྱོགས་སུ་ལྗོན་ཤིང་དུ་མ་དང་། བྱང་ངོས་སུ་ལྗོན་ཤིང་གི་འཁྲིས་སུ་རྒྱ་སེ་སོགས་མེ་ཏོག་ཐ་ཐོར་འགའ་བཏབ་འདུག ཅུང་མ་འགོར་བར་ཁང་ཆུང་དེ་ནས་དགེ་འདུན་པ་ཉི་ཤུ་ལྷག་ཙམ་ཞིག་ལག་གཡས་ན་དེབ་རེ་དང་གཡོན་གྱི་མཆན་ཁུང་དུ་གདན་ཆུང་རེ་བསྣམས་ནས་གད་མོ་འཚེར་འཚེར་ངང་ཅི་ཞིག་བཤད་པ་མི་ཚོར་བའི་གཏམ་ལབ་སྣ་ཚོགས་བྱེད་བཞིན་མར་ཐོན་་བྱུང་། དེ་ནི་ཁོ་ཚོར་དགའ་འོས་པའི་དོན་རྐྱེན་དང་གསང་གཏམ་དུ་མ་ཞིག་ཡོད་པ་དང་གཉིས་སུ་མ་མཆིས།
ཁོང་ཚོ་ཕེབས་ཟིན་མ་ཐག་ང་ཚོ་ཤག་དེའི་སྒོར་འཛུལ་བ་ན་ཁང་མིག་ཕྱི་སྦུག་གཉིས་ཡོད་པའི་ཁང་མིག་ཕྱི་མ་དེར་གཡོན་ངོས་སུ་ཉལ་ཁྲི་ཞིག་དང་དེའི་མདུན་དུ་དཔེ་སྒྲོམ་ནང་དེབ་ཁག་ཅིག་བསྒྲིགས་འདུག གཡས་ངོས་སུ་ལྕགས་ཐབ་སྟེང་དུ་ཁོག་ལྟེར་ཞིག་དང་། ཐབ་ཀྱི་འཁྲིས་སུ་ལྕོག་རྩེའི་སྟེང་བང་ཁྲིར་ཅ་དངོས་ཙག་ཙིག་འགའ་བཞག་འདུག ཁང་མིག་ཕྱི་མ་འདི་ཁང་པའི་ཐོག་ཀླད་ཁང་པ་དངོས་གཞིའི་རྩིག་མཚམས་ལས་བརྒལ་ཏེ་ཅུང་ཐུར་དུ་བཀབ་པ་དེ་ལ་འཕྲལ་སེལ་གྱི་བཅོས་མའི་ཁང་མིག་ཅིག་བཟོས་པ་རེད་འདུག ཁང་མིག་ཕྱི་མ་འདིའི་སྒོ་མཚམས་ནས་ཁ་གཏད་ཀྱི་རྩིགས་མཚམས་བར་ཕེ་ཁྲུ་དྲུག་བདུན་ཙམ་ལས་མི་འདུག
དེ་ནས་སྒོ་ནང་མར་ཡར་འཛུལ་བ་ན་ཁང་མིག་ཕྱི་མ་ལས་ཅུང་གཙང་དོད་དང་ཁ་ཞེང་ཆེ་བ་དང་། སྒོ་ནས་ཁ་ཡར་སློག་པའི་གཡོན་ངོས་སུ་མཆོད་གཤོམ་ནང་རྗེ་ཡབ་སྲས་ཀྱི་སྐུ་འདྲ་དང་སྐུ་དཔར་མང་པོ་བསྒྲིགས་འདུག་པར་ང་རང་དོ་སྣང་དབང་མེད་ཤོར་བ་ནི་མཆོད་གཤོམ་སྟེང་དུ་ཆོས་རྒྱལ་སྲོང་བཙན་དང་རྒྱ་གཟའ་ཀོང་ཇོ་གཉིས་ཐོག་མའི་མཇལ་འཛོམས་ཀྱིས་མཇལ་དར་སྒྲོན་འབུལ་ཞུས་པའི་རི་མོ་ཡིད་དུ་འོང་བའི་དཔར་སྒྲོམ་ཆེན་པོ་ཞིག་བཀལ་འདུག་པ་དེ་རེད།
སྒེའུ་ཁུང་ནུབ་ངོས་སུ་གཏོད་པ་དེའི་རྩར་གཟིམ་ཁྲིའི་སྟེང་དུ་ཁ་གདན་སེར་པོ་ཞིག་བཏིང་འདུག གཟིམ་ཁྲི་དེའི་སྔས་ཕྱོགས་ཀྱི་མདུན་ཐད་དུ་མཐོ་དམའ་ཁྲུ་དོ་ཙམ་ཡོད་པའི་བཞུགས་ཁྲི་ཞིག་འདུག་པ་དེའི་སྟེང་དུ་རྒན་ལགས་བགྲེས་སོང་ཞིག་སྒལ་ཚིགས་མདའ་ལྟར་བསྲངས་ནས་བཞུགས་ཡོད་པ་ནི་འདི་ལྟར་སྣང་། དབུ་གདུགས་ལྟར་འཁྱིལ་བ་དང་། དཔྲལ་བ་ཟླ་བ་ལྟར་རྒྱས་པ་དང་། སྤྱན་སྒོར་ཞིང་དཀྱུས་རིང་བ་དང་། གཟེངས་མཐོ་བའི་ཤངས་ཀྱི་སྟེང་དུ་སྤྱན་ཤེལ་ཞིག་བཞེས་འདུག་པ་དང་། ཞལ་གྱི་དཀྱིལ་འཁོར་སྒོར་ཞིང་མདོག་ནི་དཀར་ལ་སེར་མདངས་ཅུང་འདྲེས་པར་སྣང་། སྐུའི་ཁོ་ལག་ཡངས་ཤིང་རྒྱས་པ་ལ་བརྗིད་ཉམས་དང་གཟི་བྱིན་ཆེ་བས་སུ་ཞིག་གིས་མཇལ་མ་ཐག་དང་བ་འདྲེན་པ་ཞིག་སྣང་།
ཞལ་གྱི་དཀྱིལ་འཁོར་ནས་དགྱེས་མཉེས་ཀྱིས་ང་ཚོར་བཞད་མོ་མཛད་པ་དེ་ནི་ཇི་འདྲའི་ཡང་ཡང་མཇལ་འདོད་པ་ལ་ཨང་། སྐུ་སྟོབས་ཆེ་ལ་ན་གཟའ་བཞེས་སྟངས་ཤིན་ཏུ་བབ་ཆགས་པ་ལ་འབུ་རས་དམར་པོའི་རྐྱང་གཟན་ཞིག་བཞེས་འདུག ཁོང་ནི་སེར་སྨད་རྒྱལ་རོང་མཁན་ཟུར་རིན་པོ་ཆེ་རེད། མཚན་དངོས་ལ་རྒན་ངག་དབང་ཐེག་མཆོག་ཅེས་འབོད། དེ་ནི་ངོས་རང་ནས་རྒན་ལགས་ཁོང་མཇལ་བ་ཐེངས་དང་པོ་ཡིན་ལ་ཁོང་གི་ཤག་ཏུ་བཅར་བའང་ཐེངས་དང་པོ་དེ་ཡིན་པས་ངའི་སེམས་ནང་ནམ་ཡང་ལྷང་ངེར་གནས།
ང་ཚོ་འཛིན་གྲོགས་ཚང་མ་འཛོམས་ནས་ཕྱག་གསུམ་རེ་འཚལ་ཏེ་མར་བསྡད་པ་ན། རྒན་ལགས་ནས་སློབ་ཚན་ག་པར་སླེབས་ཡོད་ཅེས་བཀའ་འདྲི་གནང་བར། འཛིན་གྲོགས་ཤིག་ནས་བདེན་བཞིར་སླེབས་ཡོད་ཅེས་ཞུས་སོང་། དེ་ནས་རྒན་ལགས་ནས་ཕྱག་དེབ་ཁ་ཕྱེས་གནང་སྟེ། སྡུག་བསྔལ་ལ་གཟུགས་ལ་སོགས་པའི། ཞེས་སོགས་ཀྱི་སྐབས་སུ། བདེན་བཞི་ལ་མཐའ་དཔྱད་པ་ལ། ……………………… ) ཞེས་སོགས་ཚིག་དོན་མཛུབ་ཁྲིད་བསྐྱངས།
མཁས་པའི་མཚན་སྙན་གྱིས་ཆོད་པའི་རྒན་ལགས་ཁོང་རྫ་མའི་ཁང་པ་ཆུང་ངུ་འདི་འདྲ་ཞིག་དང་ནང་ཆས་དཀྱུས་མ་ཤ་སྟག་ཅན་འདི་འདྲ་ཞིག་ཏུ་བཞུགས་པ་བློ་ཡུལ་དུ་ཇི་ལྟར་ཤོང་། རྫ་མའི་ཁང་ཆུང་དེར་ཁང་མིག་ཕྱི་ནང་གཉིས་ཡོད་པའི་ཕྱི་མ་དེར་རྒན་རང་གི་ཚ་བོ་དང་ངའི་འཛིན་གྲོགས་དགེ་བཤེས་དགེ་ལེགས་བཞུགས་ས་ཡིན་པ་ཕྱིས་སུ་ཤེས། ཁང་མིག་ནང་མ་དེ་རྒན་ལགས་ཀྱི་ཉིན་མོའི་བཞུགས་ཁང་དང་། མཚན་མོའི་གཟིམས་ཁང་། སྐུ་མགྲོན་མཇལ་འཕྲད་ཁང་། སྒོམ་སྒྲུབ་ཁང་། ང་ཚོར་དཔེ་ཁྲིད་གནང་སའི་འཛིན་ཁང་བཅས་ཆ་ཚང་དེ་རང་རེད།
ཁང་མིག་དེ་ནི་ཚོད་དཔག་བྱས་ན་སྲིད་དུ་ཁྲུ་བཅུ་གཉིས་ལྷག་ཙམ་དང་། ཞེང་དུ་ཁྲུ་བཅུ་ཙམ་ལས་མེད་པ་ཞིག་རེད། མཐོ་ཚད་ལ་རྩིག་མཚམས་ནས་གཞལ་ན་ཁྲུ་བཅུ་གཉིས་ཡས་མས་ཤིག་ཡིན་པ་བལྟས་པ་ཙམ་གྱིས་ཤེས་ནུས། དཔེ་ཁྲིད་གནང་དུས་ཁང་པར་མ་ཤོང་བར་ཕྱི་ལོགས་སུ་བསྡད་དགོས་པ་དང་གསུང་སྐད་མ་གོ་བས་སྒེའུ་ཁུང་གི་ཉེ་མཁྲིས་སུ་ང་ཚོས་སུ་མགྱོགས་ཀྱིས་སྔོན་དུ་བསླེབ་རྒྱུར་འགྲན་རྩོད་བྱེད་ཀྱིན་ཡོད།
རྒྱུན་དུ་ཁོང་གིས་ན་གཟའ་ལེགས་པར་བཞེས་པ་ལས་བསྟུང་དྲག་པ་དང་ལྷུག་དྲག་པའང་ཡང་ན་གཡས་གཡོན་དུ་ཡོ་བ་སོགས་གཏན་མི་མཛད། ཕྱི་ལོགས་སུ་ཕེབས་ཚེ་ཉིས་གཟན་ལས་རྐྱང་གཟན་བཞེས་པ་མཇལ་མ་མྱོང་། སྐུ་གཟན་གོང་བ་ནས་ཕྱིར་ལྟེབ་གནང་བ་དང་། སྟོད་འགག་གི་གོང་བར་རྔུལ་ལེན་སེར་པོ་དཀྲིག་པ་དེ་གོང་བ་བརྒྱུད་བྲང་གཞུང་དུ་བཏང་ནས་བཞེས་པ་ནི་ཧ་ཅང་བབ་ཆགས་ཤིག་རེད། སྐུ་གཟན་ལྟེབ་རྩེག་བྱས་ནས་བཞེས་པ་དེ་ནི་སྔར་བོད་དུ་མཁན་པོ་སོགས་བླ་མ་ལས་སྣེ་ཁོ་ནས་གནང་ཆོག་པའི་གཟན་བཞེས་སྟངས་ཤིག་རེད།
གལ་སྲིད་རྒན་ལགས་ཁོང་ཕྱི་ལོགས་སུ་ཕེབས་ཡོད་ཚེ་སྐུ་གཟན་ལྟེབ་རྩེག་བྱས་ནས་བཞེས་ཡོད་པ་ཐག་བཅད་ནས་བཤད་ཆོག ཁོང་གི་ན་གཟའ་ནི་མདོག་ཧ་ཅང་གིས་ཧར་པོ་དང་། རིན་ཐང་ཆེ་བ་དང་། ཡང་ཧ་ཅང་གིས་མདོག་ཞན་པ་དང་། རྒྱུ་ཆ་དམན་དྲག་པ་སོགས་དེ་འདྲ་མིན་པ་འོས་འཚམས་ཤིག་བཞེས་པ་ནི་ཏག་ཏག་སངས་རྒྱས་ཀྱིས་རང་གི་རྗེས་འཇུག་ཚོར་འཚོ་བ་མཐའ་གཉིས་སུ་མ་ལྷུང་བ་དགོས་པར་གདམས་པ་དེ་ཉམས་སུ་བཞེས་པ་ངེས། ངས་འདི་ཙམ་གྱིས་འགྲིག་པར་བྱ་རྒྱུ་ལས་གལ་སྲིད་རྩོམ་པ་པོ་ཞིག་ཡིན་ཚེ་མི་སྣ་ཞིག་གི་སྣང་བརྙན་ཡིག་ཐོག་ཏུ་ཕབ་རྒྱུ་ནི་ལས་སླ་པོ་ཞིག་གཏན་ནས་མིན་པ་མཁྱེན་ངེས་རེད།
<<གཉིས་པ། ཤིང་ཏོག་གསོལ་རས་གནང་བ།>>
ང་ཚོའི་འཛིན་གྲྭས་རྒན་ལགས་སར་ཕར་ཕྱིན་འཛིན་གྲྭ་ལོ་རིམ་གཉིས་པ་ནས་དཔེ་ཁྲིད་ཞུ་རྒྱུ་བྱུང་། དཔེ་ཁྲིད་ཞུ་མཁན་འཛིན་གྲྭ་མང་བའི་རྐྱེན་གྱིས་ལོ་རིམ་གཉིས་པ་ནས་མ་གཏོགས་རག་མེད། ཕར་ཕྱིན་སྐབས་དང་པོའི་གཞུང་ཚན་གདམས་ངག་བཅུའི་ནང་བདེན་བཞི་ནས་དབུ་འཛུགས་གནང་བ་རེད། དཔེ་ཁྲིད་ཞུ་དུས་འཆར་ཅན་ཚྭ་བ་འོད་ཟེར་རིན་པོ་ཆེ་དང་ང་གཉིས་རྒན་ལགས་ཀྱི་བཞུགས་ཁྲིའི་རྩར་བསྡད་པ་ཡིན། དེ་ནི་ང་གཉིས་ལ་སྤྲུལ་སྐུའི་མིང་ཡོད་པའི་ཆ་ནས་རེད། དཔེ་ཁྲིད་ཞུས་པའི་ཉིན་གཉིས་པར་རྒན་ལགས་ནས་ང་ཚོར་དོགས་འདྲི་འདི་ལྟར་གནང་སོང་།
༼བདེན་བཞིའི་གོ་རིམ་ལ་གཉིས་གསུངས་པའི་སྡུག་བདེན་སྔོན་དང་དེ་ནས་ཀུན་འབྱུང་། དེ་ནས་འགོག་བདེན། དེ་ནས་ལམ་བདེན་བཅས་གསུངས་པ་དེ་བདེན་བཞི་རྟོགས་རིམ་གྱི་དབང་དུ་བྱས་པ་ཡིན་ནམ་མིན། ཡིན་ན། སྡུག་བདེན་སྔོན་དུ་རྟོགས། དེ་ནས་ཀུན་འབྱུང་རྟོགས་པ་ཡིན་པར་ཐལ། འདོད་ན་མི་འཐད་པར་ཐལ། སྡུག་བདེན་རྟོགས་ན་ཀུན་འབྱུང་རྟོགས་པས་ཁྱབ་པའི་ཕྱིར། སྡུག་བདེན་རྟོགས་ན། སྡུག་བདེན་དེ་ཀུན་འབྱུང་གི་འབྲས་བུར་རྟོགས་དགོས་པའི་ཕྱིར། སྡུག་བདེན་གྱི་མཚན་ཉིད་དེའི་ཕྱིར་ཞེས་དང་། ཡང་གོང་དུ་མིན་ན། མི་འཐད་དེ། སྡུག་བདེན་སྔོན་ལ་གསུངས་ཀུན་འབྱུང་རྗེས་ལ་གསུངས་པ་དེ་བློས་རྟོགས་པའི་རིམ་པ་ཡིན་པའི་ཕྱིར། དེར་ཐལ། སྤྱི་དོན་ལས། བཞི་པ་ལ། རྒྱུ་འབྲས་དོན་གྱི་གོ་རིམ་དང་། ཡུལ་ཅན་མངོན་པར་རྟོགས་པའི་གོ་རིམ་གཉིས་ལས། ཞེས་སོགས་གསུངས་པའི་ཕྱིར། ༽
ཞེས་རྒན་ལགས་ནས་ཕྱག་གཡས་པའི་མཐེ་བོང་དང་གུང་མོ་གཉིས་བརྡབ་ཏེ་ལུས་ངག་གི་ཉམས་དང་བཅས་པའི་སྒོ་ནས་དོགས་དཔྱོད་གནང་བ་ལ་འཛིན་གྲོགས་གཞན་གྱིས་ལན་ཕུལ་མ་སོང་བས། ངོས་ནས་༼ཡུལ་ཅན་མངོན་པར་རྟོགས་པའི་རིམ་པ་ཞེས་པ་དེ་སྤྱི་དོན་རང་དུ་གསུངས་པ་ལྟར་ཡིན་༽ཞུས་པར།
༼སྤྱི་དོན་དུ་གསུངས་པ་ག་རེ་ཡིན་༽ཞེས་བསྐྱར་འདྲི་གནང་བར།
༼སྤྱི་དོན་དུ་གྲོལ་བ་དོན་གཉེར་གྱི་སྐྱེས་བུ་རྣམས་ཀྱིས་མི་རྟག་སྡུག་བསྔལ་སོགས་སུ་བསམ་པའི་སྒོ་ནས་སྡུག་བདེན་ཉེས་དམིགས་ཀྱི་ཤེས་བྱར་ཁོང་དུ་ཆུད་པ་དེ་འབྱུང་། ཞེས་སོགས་གསུངས་པ་ལྟར་སྡུག་བདེན་ལ་ཉེས་དམིགས་སུ་མཐོང་བའི་བློ་དང་། དེའི་རྒྱུ་ཀུན་འབྱུང་ལས་ཉོན་གཉིས་ལ་སྤོང་འདོད་ཀྱི་བློ་སྐྱེ་བ་ལ་གོ་རིམ་དེ་ལྟར་ངེས་པས་གོ་རིམ་དེ་ཡུལ་ཅན་མངོན་པར་རྟོགས་པའི་རིམ་པ་ཡིན་པར་གསུངས་པ་ཡིན། ༽
ཞེས་ངོས་ནས་སེམས་ནང་འོལ་ཚོད་ཀྱིས་ལན་དེ་ལྟར་ཕུལ། དེ་ནས་རྒན་ལགས་ནས་རྟགས་གསལ་གཞན་གང་ཡང་མ་བཏང་བར་བཞད་འཛུམ་དང་བཅས། ད་དེ་འདྲ་ཞིག་ཡིན་རྒྱུ་རེད་གསུངས་ནས་གཞུང་མཚམས་འོག་མར་འཆད་ཁྲིད་མཛད། ངོས་ནས་ལན་དེ་ལྟར་ཕུལ་བ་རང་གིས་བསམ་བློ་ཞིབ་ཚགས་གཏོང་ཤེས་ནས་མིན་པར་མཁས་གྲུབ་བསྟན་དར་བའི་སྤྱི་དོན་དུ་དེ་ལྟར་གསུངས་པ་དེ་མཐོང་ནས་འོལ་ཚོད་ཀྱིས་ཞུས་པ་ཡིན།
ཡིན་ནའང་རྒན་ལགས་ནས་ཐུགས་དགྱེས་མཉེས་ཆེན་པོས་འཛིན་གྲྭ་གྲོལ་ཁར་ང་ཚོ་ཡར་ལངས་ནས་ཕྱག་འཚལ་བའི་སྐབས་དམིགས་བསལ་ང་ལ་སྐུ་ཞབས་ཁྱེད་རང་གིས་ག་རེ་བཞེས་འདོད་ཡོད་ནའང་བཞེས་ཤིག ཅེས་རྒན་རང་གི་ཕྱག་མཛུབ་གཡས་ངོས་ཀྱི་ཅོག་ཙེའི་སྟེང་ཡོད་པའི་ཤིང་ཏོག་ཀུ་ཤུ་དང་། ངང་ལག ཆུ་རྒུན་འབྲུམ་བཅས་ལ་བཙུགས་གནང་བར། ངོས་རང་གི་སེམས་ནང་ངས་ཞུས་པའི་ལན་དེ་འགྲིགས་ཡོད་པ་ཁོ་ཐག་རེད་སྙམ་ནས་དགའ་ཚོར་ཆེན་པོས་ཆུ་རྒུན་འབྲུམ་རྐང་གཅིག་གཉིས་ཤིག་འཐོག་པར། རྒན་ལགས་ནས་མ་རེད་མ་རེད་མང་ཙམ་ལེན་ཞིག་ཅེས་གསུངས་ནས་ཀུ་ཤུ་ཆེ་བ་ཞིག་བླངས་ནས་ངའི་ལག་ཏུ་བཞག་པར་གནང་།
ངོས་ནས་དེ་ཞུས་ཏེ་ཁང་པའི་ཕྱི་ལོགས་སུ་མར་ཐོན་ཡོང་དུས་འཛིན་གྲོགས་དགེ་ལེགས་བློ་གྲོས་སོགས་ཁ་ཤས་སར་རང་ཉིད་ཀྱིས་ཀུ་ཤུ་ལ་སོ་རྒྱག་བཞིན་ཁོ་ཚོར་ཟ་ཀི་ཡིན་པས་ཞེས་ཀྱག་ཀྱག་གིས་དྲིས་པ་ལ་ཁོ་ཚོས་ཤིང་ཏོག་ཞིག་ལ་ག་རེ་ཧ་ལས་རྒྱུ་ཡོད་རེད་ཅེས་སྨྲ་ཡང་། རྒན་ལགས་ཀྱིས་གནང་བ་དང་། འཛིན་གྲྭ་ཚང་མ་ཡོད་སར་གནང་བ་དང་། དེ་ཡང་འཛིན་གྲྭར་མི་བཞི་བཅུ་ལྷག་ཡོད་པའི་ནང་ང་གཅིག་པུ་ལ་གནང་བ་ཡིན་པས་ཁོང་ཚོའི་མིག་ནས་ཡིད་སྨོན་གྱི་ལྟ་སྟངས་ཤིག་གསལ་པོ་འདུག གཅིག་བྱས་ན་དེ་ནི་ང་རང་དགའ་དྲག་ནས་དེ་ལྟར་མཐོང་བའང་ཡིད་སྲིད།
ཀློག་པ་པོ་ལགས། ཁྱེད་ཀྱིས་མཁྱེན་ངེས་རེད། ལོ་ངོ་བཅུ་བཞི་ཙམ་ལས་སླེབས་མེད་པའི་བྱིས་པ་ཞིག་ལ་རྩ་ཆེ་བའི་རང་གི་རྒན་ལགས་ཀྱིས་འཛིན་གྲོགས་ཚང་མ་ཡོད་སར་དམིགས་བསལ་གྱིས་མཐོང་དང་བྱམས་པོ་དེ་ལྟར་གནང་བར་ཡིད་འགུལ་ཚད་མེད་མ་ཐེབས་པ་ཡོང་སྲིད་དམ།
ངས་ཀུ་ཤུ་ཟ་བཞིན་དུ་འཛིན་གྲོགས་གཞན་འགའ་དང་ལྷན་རང་ཤག་ཏུ་ལོག་པ་ན་ངའི་ཨ་ཞང་ལ་དཔེ་ཁྲིད་ཀྱི་སྐབས་བྱུང་བའི་གོང་གི་གནས་ཚུལ་ཁག་སྤྲོ་སྣང་ཆེན་པོས་ལྷག་དང་བཅས་པར་མ་ཎི་སྐྱོར་བ་ལྟར་བཤད། ཡིན་ནའང་ཨ་ཞང་ནས་ཁྱེད་རང་འཛིན་གྲྭའི་ནང་ལོ་ཆུང་ཤོས་ཡིན་རྒྱུ་རེད། དགེ་རྒན་ཞིག་ནས་ཕྲུ་གུ་ཆུང་ཆུང་ཚོར་བྱམས་པོ་གནང་བ་རྒྱུན་ལྡན་རེད་ཅེས་ཟེར་བར། ངོས་རང་ཤིན་ཏུ་མི་འདོད་པའི་རྣམ་འགྱུར་གྱིས། འོ་ན། ང་ཚོ་འཛིན་གྲྭའི་སྐྱོར་དཔོན་རྒྱ་གར་པུ་གུ་དེ་ལོ་ཆུང་ཆུང་ཧ་ལམ་ང་དང་གཅིག་པ་མ་རེད་པས། ཁོ་ལ་རྒན་ནས་མ་གནང་བ་ག་རེ་རེད། ད་དུང་ལོ་ཆུང་ཆུང་གཞན་དག་ཀྱང་འདུག དེ་ཚོ་ལ་མི་གནང་བ་ག་རེ་རེད། ཅེས་ངས་མཐའ་གཅིག་ཏུ་མི་འདོད་པ་ཆེན་པོས་ལན་སློག་ཀྱང་ཨ་ཞང་ནས་ངའི་ལན་ལ་དོ་སྣང་གང་ཡང་མ་བྱས་པར་ངས་སྤྱི་ཐབ་ཀྱི་བག་ལེབ་མཉམ་དུ་ཚལ་མ་ཞིག་བཟོ་སར་འགྲོ་རྒྱུ་ཡིན་ཞེས་ཕྱིན་སོང་། ངའི་སྤྲོ་སྣང་གི་མྱུ་གུ་ལ་དགོས་ངེས་ཀྱི་ཆར་ཆུ་བླུགས་རྒྱུ་ལས་ལྡོག་ཏེ་སྣང་མེད་ཀྱི་རྡོག་རྫི་བཏང་བར་འཚིག་པ་གཏིང་ནས་ཟ་ཡང་བྱ་ཐབས་བྲལ།
ཡིན་ནའང་ཉིན་མོ་དེ་ནས་རྒན་ལགས་ནི། བྱིས་དུས་ཀྱི་ངའི་སེམས་ནང་ཆེས་ཉེ་བའི་དགའ་ས་ཞིག་ཏུ་གྱུར། དེ་ནས་ངས་དཔེ་ཁྲིད་སར་ཧུར་བརྩོན་ཆེན་པོས་ལན་ཕུལ་ནས་རྟག་པར་འཛིན་གྲྭ་ཚང་མ་ཡོད་སར་རྒན་ལགས་ནས་ཤིང་ཏོག་གནང་རྒྱུར་རེ་སྒུག་ཆེན་པོ་བྱས་ཀྱང་ངའི་རེ་བ་སྟོང་པར་གྱུར། དེ་ནི་བྱིས་པའི་བསམ་བློ་རང་རེད་འདུག་ཏེ། རྒན་ཁོ་རང་ལའང་རྟག་པར་ཤིང་ཏོག་མཆོད་རྒྱུ་ཡོད་མེད་ཐེ་ཚོམ་རེད་འདུག གང་ལགས་ཞེ་ན། རྒན་ལགས་ཀྱི་ཤིང་ཏོག་འཇོག་སའི་ལྕོག་རྩེའི་སྟེང་ཉིན་མང་པོར་ཤིང་ཏོག་མེད་པར་ལུས་པ་ང་རང་ལ་དོ་སྣང་བྱུང་།
ཡིན་ནའང་ཉིན་ཞིག་ངའི་རེ་བ་དེ་བསྐྱར་དུ་མངོན་འགྱུར་བྱུང་བ་ནི། ལོ་དེ་གའི་གཞུང་ཚན་གདམས་ངག་བཅུའི་ནང་སྐྱབས་གསུམ་གྱི་སྐབས་སུ་རེད། དེ་ནི་རྒན་ལགས་ནས་འཛིན་གྲོགས་ཚང་མ་ཡོད་སར་ཤིང་ཏོག་གི་ལེགས་སྐྱེས་གནང་བ་ཐེངས་གཉིས་པ་དེ་རེད་ལ། མཐའ་མ་དེའང་རེད། ངོས་རང་གི་བསམ་ཚུལ་ལྟར་ན་དེ་ཡང་ངོས་ཀྱིས་ལན་འདེབས་སྟངས་འགྲིགས་པས་རྐྱེན་གྱིས་རེད་བསམ་བཞིན་ཡོད། ཡིན་ནའང་དེ་ནས་བཟུང་རྒན་ལགས་ནས་ང་ལ་འཛིན་གྲྭའི་དཔེ་ཁྲིད་སར་ཤིང་ཏོག་གནང་མ་མྱོང་ལ། ངའི་རེ་བ་མཐའ་དག་ནམ་མཁའི་འཇའ་ཚོན་ལྟར་རིམ་གྱིས་ཡལ།
ཡིན་ནའང་སྐབས་དེར་རང་གིས་རང་ལ་སེམས་གསོ་འདི་ལྟར་གཏོང་བཞིན་ཡོད། འཛིན་གྲོགས་གཞན་གྱིས་ཐེངས་གཅིག་ཀྱང་རག་མྱོང་མེད། ང་རང་གིས་ཐེངས་གཅིག་ཙམ་མ་ཟད་ཐེངས་གཉིས་རག་ཡོད་པས་མི་འདྲ་བ་རེད་བསམས་ཏེ་ཡོད། འཛིན་གྲྭ་ཡོད་སར་ཤིང་ཏོག་གི་ལེགས་སྐྱེས་དུས་དེ་ནས་གནང་མ་མྱོང་རུང་ང་རང་གཅིག་པུས་རྒན་ལགས་མཇལ་ཁར་ཕྱིན་པ་དང་། རྒན་ལགས་ཡར་མར་ཕེབས་ནས་སེ་རར་ཕྱིར་ཕེབས་སྐབས་ཕྱག་རྟགས་མ་མཐའང་ཆུང་ཆུང་རེ་དང་། རྒྱུན་དུ་དངུལ་སྒོར་བརྒྱ་ཙམ་དང་ཉིས་བརྒྱ་སོགས་ཡང་ཡང་གནང་གིན་ཡོད།
བྱིས་དུས་ཀྱི་བསམ་བློ་ལ་བསླད་མེད་པ་དང་། རང་ཉིད་ལ་བྱམས་པོ་བྱེད་མཁན་ཞིག་བྱུང་ན་དེ་ནི་ཕྲུ་གུ་ཞིག་ལ་མཚོན་ན་སེམས་གཏིང་གི་དྲོད་སྐྱིད་ཅིག་རེད། བརྩེ་བའི་ཀློག་པ་པོ་ལགས། ཁྱེད་ཀྱིས་མཁྱེན་དགོས་པ་ནི། དུས་རབས་ཉི་ཤུའི་ལོ་རབས་དགུ་བཅུའི་འགོ་སྟོད་དུ་ཧིན་སྒོར་བརྒྱ་ཐམ་པ་ནི། ལྷོ་ཕྱོགས་གདན་ས་གསུམ་དུ་སློབ་གཉེར་བྱེད་བཞིན་པའི་དགེ་འདུན་པ་ཞིག་ལ་ཆ་མཚོན་ན་ཕན་གནོད་ངེས་ཅན་ཡོད་པའི་གྲངས་འབོར་ཞིག་རེད། དངུལ་སྒོར་གྱི་གྲངས་འབོར་དེས་རང་གིས་གང་ཟ་འདོད་པ་དེ་འདེང་འདེང་ལྷག་ལྷག་ཅིག་ཉོ་ཐུབ། དུས་དེར་སེ་ར་དགོན་པར་ཐུག་པ་ཕོར་པ་གང་ལ་ཧིན་སྒོར་གཉིས་རེ་རེད། ངས་ཚུལ་འདིའི་སྐོར་ཞིབ་མོར་མ་བྲིས་པ་ནི་ཁྱེད་རྣམས་ནས་རྒྱུས་ལོན་བྱེད་འདོད་ན་ལས་སླ་པོས་ཤེས་ནུས་པས་སོ། །
<<གསུམ་པ། མཐའ་འཇུག་གི་མཇལ་འཛོམས།>>
མི་སུ་ཞིག་ཡིན་རུང་རང་ཉིད་ཀྱིས་དད་པ་བྱེད་སའི་བླ་མ་དང་། བརྩེ་བཀུར་ཞུ་སའི་རྒན་རབས། སེམས་ཁུར་བྱེད་སའི་སྤུན་ཉེ། བརྩེ་དུང་ཟབ་སའི་གྲོགས་པོ་བཅས་དང་འཕྲད་པ་ན་སྤྲོ་ལྷང་ལྷང་གི་དགའ་སྣང་དང་། དེ་དག་དང་བྲལ་བ་ན་སྟོང་ལྷང་ལྷང་གི་སྐྱོ་སྣང་ཞིག་སྐྱེས་པ་ནི་ཆོས་ཉིད་དུ་བརྩི་ཆོག ང་རང་ལ་མཚོན་ནའང་མི་གཞན་ལྟར་དགའ་སྐྱོའི་ཚོར་སྣང་ནི་ཉིན་རེའི་འཚོ་བའི་ནང་གལ་ཆེའི་གྲུབ་ཆ་ཞིག་ཏུ་གྱུར་ཡོད། འཆར་ཅན་སེ་ར་དགོན་པར་ཕྱིར་འཁོར་བ་ན་རྒན་ལགས་མཇལ་ཁ་རེ་ཞུ་བཞིན་ཡོད།
ཉིས་སྟོང་བཅུ་གཅིག་ལོའི་ཕྱི་ཟླ་དང་པོའི་ཕྱི་ཚེས་བཅུ་ཉིན། ངོས་རང་སྤྱོད་འཇུག་གི་གསུང་ཆོས་ཞུ་བའི་ཆེད་ཝཱ་ར་ཎ་སིར་ཕྱིན་པ་ཡིན། ཕྱི་ཟླ་དང་པོ་གཡས་གཡོན་གྱི་ཝཱ་ར་ཎ་སིའི་གནམ་གཤིས་ནི་ཡིད་ལ་གཟན་པ་ཞིག་རེད། ཡོད་ཚད་སྨུག་སྤྲིན་གྱིས་བསྟིམས་ནས་ཡངས་པའི་སྔོ་སངས་ཀྱི་ནམ་མཁའི་རང་མདངས་མཐོང་རྒྱུ་མེད་པར་མ་ཟད། སྔ་དགོང་གཉིས་སུ་གྲང་ངར་ཤིན་ཏུ་ཆེ་བས་ལུས་སེམས་ལ་སྤྲོ་སྣང་ག་ལ་ཡོད། ཁོར་ཡུག་མི་གཙང་བ་དང་། ཐལ་འཚུབ་གང་སར་ལྡང་བས་ཕྱི་རུ་ཁྲོམ་སར་འགྲོ་མི་འདོད། ཆེད་དུ་གསུང་ཆོས་ལ་བཅར་བ་ཡིན་པས་མི་འདོད་བཞིན་ཉིན་དང་པོའི་སྔ་དྲོའི་གསུང་ཆོས་ཞུ་བར་ཕྱིན།
སྐབས་དེར་གསུང་ཆོས་ལ་བཅར་བའི་མི་ཚོགས་ཆེ་ཞིང་། གསུང་ཆོས་གནང་སའི་བཞུགས་ཁྲིའི་གཡས་ངོས་ཀྱི་གདེང་ཆའི་སྟེང་དུ་རྒན་ལགས་བཞུགས་འདུག་པ་མཇལ་བས་ཡིད་ལ་དགའ་སྤྲོ་ཤིན་ཏུ་ཆེ། གསུང་ཆོས་གྲོལ་ནས་ཉིན་རྒྱབ་ཆུ་ཚོད་བཞི་དང་ཕྱེད་ཀ་ཙམ་ལ་རྒན་ལགས་མཇལ་ཁང་བཅར་བ་ན། རྒན་ལགས་ཁྲ་འགུ་དགོན་པའི་མགྲོན་ཁང་དུ་བཞུགས་འདུག རྒན་ལགས་བཞུགས་སའི་ཁང་མིག་དེ་སྦུག་ཏུ་འཁེལ་འདུག་པས་དཀར་ཆ་ཡག་པོ་མེད་ཐོག་སྐབས་དེར་གློག་སྒྲོན་ཡང་མི་འདུག་པས་ནག་ཁུང་ནང་མཇལ་བདེ་པོ་ཞིག་མ་བྱུང་། སྐར་ཁུང་གི་འོད་སྣང་སྐྱོ་པོ་དེའི་འོག་རྒན་ལགས་ཉལ་ཁྲིའི་སྟེང་བཞུགས་འདུག་པ་དང་ཉལ་ཁྲི་དེའི་སྟེང་ཉལ་གུར་ཞིག་ཀྱང་ཕུབ་འདུག་མཐོང་། གུས་ཕྱག་ལན་གསུམ་ཕུལ་བ་དང་སྦྲགས་འཚམས་འདྲི་ཞུས་པའི་ལན་དུ།
སྐུ་ཞབས་བཀྲ་ཤིས་བདེ་ལེགས། ད་ལོ་ན་ཡར་བསླེབས་པ་རེད། ད་ལྟར་གཟུགས་པོ་བདེ་པོ་ཞིག་མི་འདུག རྒྱ་སྨན་རིལ་བུ་ཞིག་མཆོད་པ་དེས་ཆབ་གསང་འབབ་རྒྱུར་ཕན་ཐོགས་ཞེ་དྲག་བྱུང་། གནམ་གཤིས་གྲང་ངར་ཆེ་བ་དང། ཁོར་ཡུག་མི་གཙང་བ་དང་། ཐལ་འཚུབ་ཆེ་བས་ཆམ་པ་ན་རྒྱུའི་ཉེན་ཁ་འདུག སང་ཞོགས་གསུང་ཆོས་ལ་བཅར་ཐུབ་མིན་བལྟ་རྒྱུ་ཡིན་གསུངས།
དེ་ནས་སྟོང་མིན་ཙམ་དུ་ཤིང་འབྲས་འགའ་མདུན་ཅོག་གི་སྟེང་དང་། རྟེན་འབྲེལ་མཚོན་བྱེད་དུ་མཇལ་དར་སྲིད་དུ་རིང་བ་དེ་ཕྱག་ཏུ་ཕུལ་བར་རྒན་ལགས་ནས་སྔར་ལྟར་ཕྱག་གཉིས་ཀྱིས་གུས་པའི་འགྲམ་པ་ནས་འཇུས་ཏེ་དབུ་གཏུགས་མཛད་ནས་ཐུགས་སྨོན་དང་དགྱེས་པའི་རྣམ་འགྱུར་ཚད་མེད་གནང་། ངོས་རང་ནས་རྒན་ལགས་ཀྱི་ཞབས་པུས་ལ་མགོ་བོ་གཏུགས་ནས་ཐུགས་བཞེད་འགྲུབ་ཅིང་སྐུ་ཚེ་བརྟན་པའི་སྨོན་ལམ་བཏབ། ཡ་ད་མར་བཞུགས་ཤིག་གསུངས་པར། ས་ཐོག་ལ་མར་སྡོད་རྩིས་བྱས་པ་ན། ས་ཐོག་ལ་གདན་གང་ཡང་མི་འདུག་པས་རྒན་ལགས་ནས།
མ་རེད། མ་རེད། རྐུབ་སྟེབས་སྒང་ལ་བཞུགས་ཤིག་གསུངས་ཏེ་དེའི་སྟེང་སྡོད་དུ་བཅུག
རྒན་ནས་རྡ་རམ་ས་ལའི་གནས་སྟངས་སྐོར་བཀའ་འདྲི་སྣ་ཚོགས་གནང་བར་ལན་ཕུལ། རྒན་ལགས་ནས་རང་ཉིད་རྒྱ་ནག་ཏུ་ཕེབས་སྐོར་དང་གསུང་ཆོས་གང་བྱས་དང་མི་ཚོགས་ཇི་ཙམ་འདུས་མིན་སོགས་གཅིག་གཅིག་གཉིས་གཉིས་བྱས་ནས་ཞིབ་ཚགས་གསུངས། རྒན་ལགས་ནས་རྒྱ་ནག་ཏུ་ཕེབས་པའི་ལག་རྟགས་ཡིན་གསུངས་ཏེ་རི་བོ་རྩེ་ལྔའི་ཕྲེང་བ་ཞིག་གུས་པར་གནང་།
གུས་པར་ཆེད་དུ་ཐུགས་ནན་གྱིས་བཀའ་ཕེབས་གསལ་ལ། རྒྱལ་བ་ཡིད་བཞིན་ནོར་བུའི་ཞབས་ཕྱི་ཞུ་རྒྱུ་དེ་ཧ་ཅང་གིས་བསྐལ་བ་བཟང་པོ་རེད། ཡིན་ནའང་གདན་ས་ལ་སྡོད་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་རེད། དཔེ་ཆ་ཤེས་མཁན་ཚོས་གདན་སའི་འགན་ཁུར་ལེན་དགོས། དེ་སངས་རྒྱས་ཀྱི་བསྟན་པ་ལ་ཐུག་ཡོད། གདན་ས་ལ་བསྟན་པ་ཉམས་ན་དེ་ནས་ཚར་བ་རེད། རེ་བ་བྱ་ས་གཞན་ཡོད་མ་རེད་ཅེས་དང་། དཔེ་ཆ་བརྗེད་བཅུག་མི་ཉེས་པས་ཡང་ཡང་དཔེ་ཀློག་རྒྱག་དགོས། རང་གིས་དཔེ་ཆ་གང་ཤེས་པ་དེ་ཉིན་རེ་ཉིན་རེར་ལམ་རིམ་དང་སྦྱར་ནས་ཤར་སྒོམ་བྱེད་དགོས་པ་དང་། ང་རང་ཚོའི་གྲྭ་ཚང་གི་འགན་ཁུར་དགོས་པ་སོགས་ཐུགས་བརྩེ་བའི་ལམ་སྟོན་རིན་ཐང་བྲལ་བ་མང་དུ་གནང་བར་ངོས་ནས་ལགས་སོ་ལགས་སོ་ཞེས་བཀའ་བཞིན་བསྒྲུབ་རྒྱུར་ཁས་ལེན་ཞུས།
རྒན་ལགས་ནས་ཡཱ་ཡཱ་ད་འགྲིགས་སོང་། ཡང་མཇལ་ཡོང་ཞེས་གསུངས་ཏེ་ངོས་ཀྱི་ལག་གཡས་པ་ནས་འཇུས་ཏེ་ཕྱག་གཉིས་ནས་བྱིལ་བྱིལ་གནང་བ་དང་། ཞལ་འཛུམ་པ་དང་བཅས་ད་ཕེབས་ཤིག་ཅེས་གསུངས་པར་ངོས་ནས་རྒན་ལགས་སྐུ་གཟུགས་ཅུང་མ་བདེ་བ་དང་ཡང་ན་སྐུ་ངལ་གསོ་དགོས་པར་མཐོང་ནས་ལགས་སོ་ཞུས་པ་དང་། རྒན་ལགས་སྐུ་གཟུགས་ལ་ཐུགས་བཅགས་གནང་རོགས་ཞུས་ཏེ་མར་ཐོན་འོང་བ་ན། རྒན་ལགས་རྒྱུན་ལྟར་སྐེད་པ་མདའ་ལྟར་བསྲངས་ནས་བཞུགས་ཐོག་ཕྱག་གཉིས་ཀྱིས་ཕྱག་ཕྲེང་གི་ཕྲེང་རྡོག་འདེད་བཞིན་དུ། ཡ་ཡ། ཡང་རྗེས་ལ་ཐུག་ཡོང་ཞེས་བསྐྱར་དུ་གསུངས། རྒྱུན་དང་མི་འདྲ་བར་ངོས་རང་གི་སེམས་ནང་སྐྱོ་སྣང་ཆེ་ཞིང་ཁང་མིག་ནག་ཁུང་དེས་ཀྱང་ཆེད་དུ་ང་ལ་སྐྱོ་སྣང་སྦྱིན་པ་དང་མཚུངས། གུས་པས་རྒན་ལགས་ཀྱི་ཞལ་མཇལ་བཞིན་མར་ཐོན་ནས་ཡོང་། ཡང་སྙིང་རྗེས་སུ་རྒན་ལགས་མཇལ་རྒྱུའི་གོ་སྐབས་བྱུང་ཡོད་དམ། དྲི་བ་འདིའི་ལན་གཤམ་དུ་གཟིགས་རོགས།
<<བཞི་པ། གཏན་དུ་ཞལ་གྱེས་པ།>>
ཕྱི་ཟླ་བཞི་པའི་ཚེས་བརྒྱད་ཉིན་གྱི་ཉིན་གུང་། ནང་ཆོས་ངོ་སྤྲོད་གོ་སྒྲིག་ཚོགས་པའི་ཚོགས་འདུའི་སར་ང་ལ་ཁ་པར་ཞིག་འབྱོར་བ་ནི། རྒན་ལགས་སྐུ་གཟུགས་ཧ་ཅང་ཞན་པོ་འདུག ཁུ་བའི་རིགས་དེ་འདྲ་ཅུང་ཙམ་ལས་ཞལ་ལག་མཆོད་མི་ཐུབ་པས་ཡར་སྙན་གསན་ཞུ་རོགས་ཞེས་པའི་ཛ་དྲག་གི་ལན་དེ་རེད། འཛིན་གྲོགས་དགེ་བཤེས་དགེ་ལེགས་ནས་ལན་དེ་ལྟར་འབྱོར་བས་ངོས་ནས་ལམ་སང་སང་ཉིན་རང་ཕྲན་མར་འཐོན་རྒྱུའི་འགྲུལ་བསྐྱོད་རླངས་འཁོར་གྱི་འཛིན་ཞིག་ཉོ་རྒྱུར་མངགས་ཏེ་རྒན་ལགས་ཞལ་མཇལ་ཐུབ་པའི་རེ་བ་བྱས།
འོན་ཀྱང་བསམ་ཡུལ་དུ་མེད་པ་ཞིག་ལ་ཚེས་བརྒྱད་ཀྱི་ནུབ་མོ་ཆུ་ཚོད་དང་པོ་ཙམ་ལ་རྒན་དམ་པ་མཆོག་དགོངས་པ་ཆོས་དབྱིངས་སུ་མནལ་བའི་ཚུལ་བཞེས་འདུག་པ། ཚེས་དགུའི་ཞོགས་པ་སྔ་མོར་ལན་འབྱོར་བས་ཡིད་ལ་གདུང་བས་ཁེངས་ཤིང་ཅི་བྱ་གཏོལ་མེད་དུ་གྱུར། ལམ་གྱི་གཙོ་བོ་རྣམ་གསུམ་ལ་ཤར་སྒོམ་གང་ཐུབ་ཅིག་བྱས་ཏེ་རྒན་ལགས་ལ་སྒྲུབ་པའི་མཆོད་པ་དང་ཐུགས་བཞེད་ལྷུན་གྱིས་འགྲུབ་པའི་སྨོན་ལམ་ཤུགས་དྲག་བྱས་ཀྱང་སྐྱོ་སྣང་གིས་མནར་ནས་འདུག་མི་ཚུགས་པར་གྱུར།
ཚེས་དགུའི་དགོང་མོར་རྡ་སར་ནས་ཐོན་ཏེ་བཅུའི་སྔ་དྲོར་ཆུ་ཚོད་བཅུ་དང་ཕྱེད་ཀ་ཙམ་ནས་དིལླི་ནས་གནམ་ཐོག་སྦེང་ལོར་བསྐྱོད། སྦེང་ལོ་ནས་ཉིན་གུང་ཆུ་ཚོད་གཉིས་པ་མ་ཟིན་ཙམ་ནས་ཐོན་ཏེ་སེ་རར་དགོང་མོར་ཆུ་ཚོད་བརྒྱད་པར་འབྱོར། བླ་བྲང་དུ་ཇ་སྟབས་བདེ་ཞིག་མཐུང་ནས་འཛིན་གྲོགས་དགེ་ལེགས་ལ་ཁ་པར་བཏང་སྟེ་ད་ལྟ་རང་རྒན་ལགས་ཀྱི་སྐུ་གདུང་མཇལ་འདོད་ཞུས་པར། སང་ཉིན་སྔ་དྲོ་ཕེབས་ན་ཡག་པ་མེད་འགྲོ་གསུངས་ཀྱང་ངས་ཨུ་ཚུགས་ཀྱིས་དོ་དགོང་རང་མཇལ་དགོས་ཚུལ་ཞུས་ནས་རྒན་ལགས་ཀྱི་བླ་བྲང་དུ་ཆུ་ཚོད་དགུ་པ་ཡོལ་ཙམ་ལ་བཅར།
རྒན་ལགས་ཀྱི་གཟིམ་ཤག་གི་མདུན་ངོས་སུ་གང་སར་གློག་མཆོད་དང་སྒོ་རའི་ནང་དགེ་འདུན་པས་ཞལ་འདོན་གནང་བཞིན་འདུག ཆེས་མཐའ་མར་ངོས་ནས་མཇལ་རྒྱུ་བྱུང་བ་ནི་ཞལ་འདོན་གྱི་འུར་སྒྲ་དང་། མཆོད་མེའི་འོད་སྣང་འོག་སྐུ་ལ་ཆོས་གོས་སྣམ་སྦྱར་མནབས་ནས་གཟིམས་སྟབས་སུ་དགོངས་པ་ཆོས་དབྱིངས་སུ་ཐིམ་སྟེ་ཐུགས་དམ་འོད་གསལ་ལ་བཞུགས་པའི་སྐུ་གདུང་དེ་རེད། སྐུ་གདུང་མཇལ་བཞིན་ཡིད་གདུང་དྲག་པོས་ཕྱག་གསུམ་འཚལ་ཏེ་མཇལ་དར་ཕུལ་ནས་སྨོན་ལམ་གང་ཤེས་བཏབ་ཀྱང་ཡོད་ཚད་སྐྱོ་སྣང་གིས་ཁེངས་འདུག་པས་སེམས་པ་རྣལ་དུ་ཕབ་མ་ནུས།
སྐུ་གདུང་བཞུགས་ཁང་ནས་མར་ཐོན་པ་ན་མགྲིན་པར་འཆི་མས་བརྣངས་ནས་སྐད་ཀྱང་ཐོན་མ་ནུས། མཇལ་ཁ་ཞུས་ནས་མར་ལོག་འགྲོ་བ་ན་ལམ་ཟུར་དུ་འཁེལ་བའི་སྔར་རྒན་ལགས་ཐོག་མར་མཇལ་སའི་རྫ་མའི་ཁང་ཆུང་ཡོད་ས་དེར་ཆེད་དུ་བལྟས་པས་རྒྱལ་རོང་ཁང་ཚན་གསར་པ་བརྒྱབ་ནས་སྔར་རྒན་ལགས་བཞུགས་སའི་རྫ་མའི་ཁང་ཆུང་དེའི་ཤུལ་ཙམ་ཡང་མི་འདུག་པས་སེམས་ནང་ལྗིད་ཏིག་ཏིག་གི་སྐྱོ་སྣང་གི་གདུང་བ་ཞིག་ཁུར་ནས་རང་ཤག་ཏུ་ལོག
ཚེས་བཅུ་གསུམ་ཉིན་སླར་རྒན་ལགས་ཀྱི་ཤག་ཏུ་གདུང་སྒྲུབ་ལ་བཅར་བ་ན། སྐུ་གདུང་བཞུགས་སའི་གཡོན་ངོས་མཆོད་སྒྲོམ་གྱི་ནང་ཟུར་བཀོལ་ཡིག་ཆའི་དེབ་གཟུགས་རྒྱབ་ཤ་ནག་པོ་ཅན་དེ་བསྒྲིགས་འདུག་པས་སྔར་རྒན་ལགས་ནས་ང་ཚོར་ཟུར་བཀོལ་དཔེ་ཁྲིད་གནང་སྐབས་དེབ་གཟུགས་དེའི་གྲས་ནང་ཁྲིད་པ་ཡིན་པས་སྔར་འཛིན་གྲྭར་འགྲིམ་བཞིན་པ་དང་རྒན་ལགས་སར་དཔེ་ཁྲིད་ལ་ཕྱིན་པའི་ཚུལ་རྣམས་མིག་ངོར་ཁྲ་ལམ་མེར་ཤར་ཏེ་ཡིད་ལ་ལྷག་པར་དུ་དྲན་གདུང་གིས་མནར་ཏེ་མིག་ཆུ་དབང་མེད་དུ་ཤོར།
<<ལྔ་པ། འཇུག་སྡུད་ཀྱི་གཏམ།>>
ཝཱ་ར་ཎ་སིར་རྒན་ལགས་ཞལ་མཇལ་བྱུང་བ་དེ་ངོས་རང་གི་མི་ཚེ་འདིར་རྒན་ལགས་མཇལ་ཐེངས་ཆེས་མཐའ་མ་དེ་ཆགས་པར་སུས་བསམ་ནུས། སྐབས་དེར་གནང་བའི་བཀའ་སློབ་དེ་དག་ཀྱང་ཆེས་མཐའ་མའི་ཞལ་ཆེམས་སུ་གྱུར་། དུས་དེ་ནས་རྒན་ལགས་ངའི་མི་ཚེ་དང་གཏན་དུ་ཞལ་གྱེས་ཏེ་རྨི་ལམ་གྱི་ཞིང་ཁམས་ཤིག་ཏུ་གྱུར། ཡིན་ནའང་ངས་རྒན་ལགས་དགོངས་པ་རྫོགས་ཀྱང་ཐུགས་དམ་འོད་གསལ་ལ་བཞུགས་བཞིན་པའི་སྐབས་མཇལ་རྒྱུ་བྱུང་བས་དེ་ནི་རང་ཉིད་ཀྱིས་རྒན་ལ་བཅངས་པའི་དམ་ཚིག་གཙང་བའི་འབྲས་བུ་དང་། རྒན་ལགས་ཝཱ་ར་ཎ་སིར་གསུང་ཆོས་ལ་བཅར་ནས་སྙུང་སྐབས་ཞབས་ཕྱི་ཅུང་ཙམ་ཞུ་རྒྱུ་བྱུང་བ་དེའང་རྒན་ལགས་ཀྱི་སློབ་མ་ཀུན་གྱི་གྲལ་མཐར་བསྙེན་པ་བདག་གི་ཚེ་སྔ་མར་ཚོགས་བསགས་པའི་འབྲས་བུ་བཟང་པོ་ཞིག་ལོས་ཡིན་བསམ། སྔར་སེ་རར་ལོག་པ་ན་རྒན་ལགས་མཇལ་རྒྱུ་ཡོད་བསམ་སྟེ་སེམས་ནང་དྲོ་སྐྱིད་ཅིག་ཡོང་རྒྱུ་ཡོད་མོད།
རྒན་ལགས་དགོངས་པ་རྫོགས་པའི་ཉིན་མོ་དེ་ནས་སེ་ར་ཐེག་པ་ཆེན་པོའི་གླིང་ནི་ང་ལ་དྲན་གདུང་གི་སྐྱོ་སྣང་ཆེད་དུ་སྟེར་མཁན་ཞིག་དང་མཚུངས་ཏེ། ལོ་འདི་གའི་ཕྱི་ཟླ་བདུན་པའི་ཚེས་བཞི་ལ་སེ་རར་བསྐྱར་དུ་བསླེབས་པར་ངོས་རང་རྒན་ལགས་ཀྱི་གཟིམ་ཤག་ཏུ་མཇལ་ཁ་ཞིག་འགྲོ་གྲབས་བྱས་མོད་སྟོང་ལྷང་ལྷང་གི་སྐྱོ་གདུང་འཇིགས་སུ་རུང་བ་དེ་བློ་ངོར་ཤར་བས་རྒན་ལགས་ཀྱི་ཤག་ཏུ་འགྲོ་མ་ཕོད། ཡིན་ནའང་ངས་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་ཐོག་སྟེང་ནས་རྒན་ལགས་ཀྱི་ཤག་ལ་རྒྱངས་ནས་བལྟས་ཏེ་སྨོན་ལམ་འདི་ལྟར་འདེབས།
མདོར་ན་སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ། །མགོན་པོ་ཁྱེད་ཀྱིས་འབྲལ་མེད་རྗེས་བཟུང་ནས། །
སྐུ་གསུང་ཐུགས་ཀྱི་གསང་བ་ཀུན་འཛིན་པའི། །སྲས་ཀྱི་ཐུ་བོར་འགྱུར་བར་བྱིན་གྱིས་རློབས། །
མགོན་ཁྱེད་གང་དུ་མངོན་པར་སངས་རྒྱས་པའི། །འཁོར་གྱི་ཐོག་མ་ཉིད་དུ་བདག་གྱུར་ཏེ། །
གནས་སྐབས་མཐར་ཐུག་དགོས་འདོད་མ་ལུས་པ། །འབད་མེད་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་སྩོལ། །
ཕ་ཁྱེད་ཀྱི་སྐུ་དང་བདག་གི་ལུས། །ཕ་ཁྱེད་ཀྱི་གསུང་དང་བདག་གི་ངག །
ཕ་ཁྱེད་ཀྱི་ཐུགས་དང་བདག་གི་ཡིད། །དོན་དབྱེར་མེད་གཅིག་ཏུ་བྱིན་གྱིས་རློབས། །
རྩོམ་ཡིག་འདི ༢༠༡༣ ཟླ་ ༤ ཚེས་ ༡༨ ཉིན་སེ་ར་ནས་རྡ་སར་ཡར་ཐོན་པ་ན་སྦེང་ལོར་གནམ་ཐང་དུ་འགོ་བརྩམས་ཀྱང་ལེ་ལོའི་དབང་གིས་ད་བར་འཇུག་བསྡུས་མ་ཐུབ། རྒན་དམ་པ་མཆོག་དགོངས་པ་རྫོགས་ནས་ཟླ་བ་གསུམ་དང་ཞག་པོ་ཉེར་བཞི་ཕྱིན་པའི་དེ་རིང་སྟེ་ཕྱི་ཟླ་ ༨ ཚེས་ ༢ ཉིན་འཇུག་རྫོགས་པར་བྱས་སོ། །
འདིས་ཀྱང་མ་གྱུར་སེམས་ཅན་ཀུན་ཚེ་རབས་ཀུན་ཏུ་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་གྱིས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །། སརྦ་མངྒ་ལམ།། །།