དམིགས་ཡུལ།
བོད་ཀྱི་མང་གཙོ། ཞེས་པའི་དྲ་ཚིགས་དང་འབྲེལ་བའི་གསལ་བཤད།
ངོ་སྤྲོད། བོད་ཕྱི་ནང་གཉིས་སུ་དྲ་ཚིགས་ཇི་སྙེད་ཅིག་ཐོན་དང་འདོན་མུས་པ་དེ་ལྟར་ཡང་། དྲ་བ་མང་པོ་ཞིག་ལུང་ཚན་དང་དགོན་པ། ཚོགས་སྡེ་དང་ཚོང་གི་རུ་ཁག་སོགས་གཙོ་བོ་སྡེ་ཚན་བྱེ་བྲག་པའི་ཐོག་ནུས་ཤུགས་འདོན་ཆེད་ཡིན་པ་དང་དེའང་དགོས་ངེས་པའི་གནས་སྟངས་ཤིག་རེད། གཞན་ཡང་། བོད་ཀྱི་དྲ་བ་དང་། བོད་ཀྱི་བང་ཆེན། བོད་ཀྱི་དུས་བབ་ལྟབུ་བོད་མི་སྤྱི་ཡོངས་ནས་ལོངས་སྤྱོད་རུང་བའང་ཉུང་ཤས་ཤིག་ཡོད་ལ། བོད་ཀྱི་མང་གཙོ། ཞེས་པའི་དྲ་བ་འདིའང་དེ་དག་གི་ཁྱབ་ཁོངས་སུ་གཏོགས་པ་ཡིན། ནང་དོན། དྲ་ཚིགས་འདི་སྒེར་གྱིས་འཛིན་སྐྱོང་བྱེད་བཞིན་པ་ཡིན་ནའང་། ལས་དོན་ཡོངས་རྫོགས་བོད་སྤྱི་པའི་ཞབས་ཞུ་སྒྲུབ་པའི་ལས་གཞི་ཤ་སྟག་ཡིན་པ་དང་། དྲ་བས་གཙོ་སྒྲུབ་ཀྱི་མིང་གཞུང་ནང་། མང་གཙོ། བོད་གཞུང་། རྒྱལ་ཡོངས་གསར་འགྱུར། ཁྲིམས། ཆབ་སྲིད། དམིགས་ཡུལ། སློབ་གསོ། དྲ་བདག་གི་ངོ་དེབ། སྒེར་གྱི་འབྲེལ་ལམ། བོད་གཞུང་གི་འབྲེལ་ལམ། བོད་གཞུང་འཛིན་སྐྱོང་བཀའ་ཤག བོད་མི་མང་སྤྱི་འཐུས་ལྷན་ཚོགས། བོད་རང་བཙན་གཙང་མ། རྩོམ་སྒྲིག་པའི་སྐད་ཆ། མང་གཙོའི་ཉིན་མོ། རང་དབང་སྒེར་ལངས། བཅར་འདྲི། ད་ལྟའི་བོད་ཀྱི་སྲིད་ཇུས། གསལ་བསྒྲགས། དེབ་མཛོད། རྩོམ་རིགས། ཀློག་མང་ཤོས། དྲ་བའི་བདག་པོ་བཅས་སྡེ་ཚན་ཁག་ ༢༤ བཞིར་དབྱེ་སྟེ། དེ་དག་ནི་མང་གཙོ་དང་ཐད་ཀར་འབྲེལ་བ་ཆེན་པོ་ཡོད་པའི་སྡེ་ཚན་ཤ་སྟག་ཏུ་གྱུར་ཡོད།
ཁྱད་ཆོས། དྲ་ཚིགས་འདིའི་དམིགས་བསལ་ཁྱད་ཆོས་ནི། མདོར་བསྡུས་ན། བོད་གཞུང་གི་ལྷན་ཁང་ཁག་གི་ངོ་སྤྲོད་གཟིགས་ཐུབ་པ་དང་། མང་གཙོ་དང་འབྲེལ་བའི་གནས་ཚུལ་འཚོལ་ཞིབ་ཐུབ་པ། བོད་ཕྱི་ནང་གི་བརྒྱུད་ལམ་ཁག་གི་གསར་འགྱུར་ཡོངས་རྫོགས་གཟིགས་ཐུབ་པ། བོད་གཞུང་འབྲེལ་གྱི་དགོས་ངེས་ཁ་བྱང་དང་འབྲེལ་ལམ་ལས་སླ་པོར་རྙེད་ཐུབ་པ། སྤྱི་སྒེར་གྱི་གསལ་བསྒྲགས་རིགས་གང་ཡིན་ཡང་རིན་མེད་ངང་ཐད་གཏོང་ཞུ་ཆོག་པ་བཅས་ཀྱི་ཆ་རྐྱེན་ཡོད།
དམིགས་ཡུལ། དེ་ལྟར་༸གོང་ས་ཡིད་བཞིན་ནོར་བུའི་ཐུགས་ཀྱི་བུམ་བཟང་ལས་བྱུང་བའི་བོད་ཀྱི་མང་གཙོ་དེའང་། འཇིག་རྟེན་འདིར་བོད་ཅེས་པའི་མི་རིགས་འདི་ཇི་སྲིད་གནས་པ་དེ་སྲིད་དུ། བོད་ཀྱི་མང་གཙོ་དྲ་ཚིགས་འདི་གནས་རུང་བ་དང་ཡོད་དགོས་པའི་གནད་དོན་ཞིག་ཡིན་ལ། འདིའི་དམིགས་ཡུལ་གཙོ་བོ་གསུམ་ཡོད་པ་ནི། གཅིག བོད་ཀྱི་མང་གཙོ་ཡར་རྒྱས་དང་མི་ཉམས་པར་གནས་པ། གཉིས། བོད་མི་མང་ལ་མང་གཙོའི་གོ་རྟོགས་སྤེལ་ཐུབ་པ། གསུམ། མང་གཙོ་ཡར་རྒྱས་ཀྱི་རྨང་གཞི་ལྟ་བུར་གསར་འགྱུར་སོགས་གནས་ཚུལ་ཤུགས་ཆེར་སྤེལ་ཐུབ་པ་བཅས་ཀྱི་ཆེད་དུ་ཡིན།
ཞེས་བོད་ཀྱི་མང་གཙོ་དྲ་ཚིགས་ཀྱི་འཛིན་སྐྱོང་པས་ཕྱི་ལོ་ ༢༠༡༤ ཕྱི་ཟླ་ ༩ ཚེས་ ༢ ཉིན།